གནས་ཡུལ། མདུན་ངོས། རྣམ་ཐར།
 
 
༄༅།། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།
སྤེལ་དུས།2017-10-13   ཡོང་ཁུངས་།ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། སྣང་མཛོད་ཀྱིས་བསྒྲིགས།
བོད་ཀྱི་མཁས་ཆེན་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།
 
འཁྲུངས་གཞིས་ན་བཞུགས་པའི་མི་ཕམ་པའི་ཞལ་ཐང་།
          འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ནི་རབ་བྱུང་བཅུ་བཞི་པའི་མེ་རྟ་སྤྱི་ལོ1846ལོར་མདོ་ཁམས་སྡེ་དགེའི་ཉེ་འདབས་ཡ་ཆུ་དིང་ཆུང་གི་ས་ཆར་ཡབ་མགོན་པོ་དར་རྒྱས་དང་ཡུམ་སྲིང་ཆུང་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་བདུན་བརྒྱད་ཙམ་ནས་ཡབ་དང་ཞང་པོའི་དྲུང་དུ་ཡི་གེ་འབྲི་ཀློག་སློབ་སྦྱོང་དང་གཞུང་ལུགས་བློ་འཛིན་སོགས་ལ་མཁྱེན་རབ་ཤིན་ཏུ་ཆེ་བས་རྩོམ་ཡིག་འབྲི་ཤེས་ཐུབ་པ་མ་ཟད། རྩིས་དཀར་ནག་གི་སྔོན་འགྲོ་ལའང་སྦྱངས་པ་མཛད། དགུང་ལོ་བཅུ་གཉིས་ལ་ཕེབས་པ་མེ་སྦྲུལ་སྤྱི་ལོ1857ལོར་གསང་སྔགས་ཆོས་གླིང་དགོན་དུ་ཕེབས་ཏེ་གྲྭ་བཙུན་གནང༌། 
          དེ་ནས་ལོ་གཅིག་རིང་དབུས་ལྷ་ལྡན་དུ་གནས་སྐོར་ལ་བྱོན། ཕྱིར་ལོག་ཕེབས་རྗེས་བླ་མ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང༌། དབང་ཆེན་དགྱེས་རབ་རྡོ་རྗེ། དཔལ་སྤྲུལ་འཇིགས་མེད་ཆོས་དབང༌། དགེ་བཤེས་ངག་དབང་འབྱུང་གནས། བློ་གཏེར་དབང་པོ་སོགས་མཁས་ཆེན་དུ་མ་སློབ་དཔོན་དུ་བསྟེན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཙུག་ལག་བརྒྱ་ཕྲག་མང་པོ་སྦྱངས་པ་མཐར་ཕྱིན་པ་མཛད་ཅིང༌། རིག་པའི་གནས་བཅུ་ལ་མཁས་པའི་ཡང་རྩེར་སོན།   མཐར་དགུང་ལོ་རེ་བདུན་ལ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ཆུ་བྱི་སྤྱི་ལོ1912ལོར་འཇུ་རི་ཁྲོད་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ།

མི་ཕམ་པའི་སྟག་ལྤགས་ཀྱི་བཞུགས་གདན།

མི་ཕམ་པའི་ཨ་ར་པ་ཙའི་སྒྲུབ་ཕུག་གི་ནང་།
          རྗེ་འདི་ཉིད་ཀྱི་གསུང་གི་བདུད་རྩི་ལས་འཁྲུངས་པའི་སློབ་མ་གྲགས་ཆེ་བ་རྡོ་སྤྲུལ་རྡོ་རྗེ་དང༌། གཏེར་སྟོན་བསོད་རྒྱལ། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། རྫོགས་སྤྲུལ་ལྔ་པ། དཔལ་སྤུངས་སི་ཏུ་སོགས་མཁས་གྲུབ་དམ་པ་ཤིན་ཏུ་མང༌།

གེ་སར་གྱི་རྡོ་སྐུ་འདི་མི་ཕམ་པས་རབ་གནས་མཛད་པ་དང་། ཁ་ཅིག་གིས་རྗེ་ཉིད་ཀྱི་ཕྱག་བྲིས་ཡིན་པར་བཤད།

མི་ཕམ་པའི་སྒྲུབ་ཕུར།
ཨ་ར་པ་ཙ་རང་བྱོན་ཡིན་ཟེར་ལ། ཕྱག་བྲིས་ཡིན་ཟེར་མཁན་ཡང་ཡོད།
          དགུང་ལོ་ང་གཅིག་པ་རབ་ཚེས་མེ་སྤྲེལ་ལོར《རྒྱལ་པོ་ལུགས་ཀྱི་བསྟན་བཅོས》མཛད། དགུང་ལོ་རེ་གཉིས་པ་མེ་ལུག་ལོར《དུས་འཁོར་འགྲེལ་ཆེན》བརྩམས། དེའི་ཕྱི་ལོར《སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོ》མཛད། དེ་བཞིན《སྨན་ཕྲེང་བརྒྱ་རྩ》དང《ཕྱི་རྒྱུད་རྩ་ཆུའི་འགྲེལ་པ》《ལུས་ལ་ཉེར་མཁོ་སྐབས་བརྒྱད་པ》སོགས་གསོ་རིག་གི་བསྟན་བཅོས་མང་པོ་མཛད། མདོར་ན། མཁས་དབང་འདི་ཉིད་ཀྱིས་སྒྲ་ཚད། སྨན་རྩིས་སོགས་ཐུན་མོང་རིག་གནས་ཀྱི་སྐོར་དང༌། མདོ་རྒྱུད་ཀྱི་གཞུང་འགྲེལ་སོགས་ནང་རིག་པ་ལས་མཚན་ཉིད་ཐེག་པའི་སྐོར། གསང་སྔགས་ཐུན་མོང་སྐོར། བསྟོད་ཚོགས་དང་གཏམ་ཚོགས། འདོན་ཆོག་སྐོར་སོགས་པར་དུ་བརྐོས་པ་ཕྱག་རྩོམ་པོ་ཏི་སུམ་ཅུ་ལྷག་བཞུགས། སྐུ་ཚེ་ཧྲིལ་པོར་འཆད་རྩོད་རྩོམ་གསུམ་གྱི་བྱ་བས་བསྟན་འགྲོ་ལ་ཕན་པའི་དོན་རྒྱ་ཆེན་པོ་སྒྲུབ་པར་མཛད། ཁྱད་པར་དུ་བཟོ་དང༌། གསོ་བ། རྩིས་རིག་བཅས་ལ་ཕུལ་དུ་བྱུང་བའི་ཕྱག་རྗེས་ཆེན་པོ་བཞག་པས་རིས་མེད་མཁས་པ་རྣམས་ཀྱིས་བསྟོད་ཚིག་གི་མེ་ཏོག་ཕྱོགས་ཀུན་ཏུ་གཏོར། མདོ་དབུས་ཁམས་གསུམ་དུ་མཁས་པའི་གྲགས་པ་བར་མེད་ཁྱབ། 

ཀུན་མཁྱེན་མི་ཕམ་སོགས་ཀྱི་མདུན་ཅོག

བྲག་ངོས་ན་འཇམ་དབྱངས་ཀྱི་ཞལ་ཡོད་པར་གྲགས།

མི་ཕམ་པའི་ཕྱག་རྗེས།

མི་ཕམ་པའི་ཕྱག་བྲིས།

མི་ཕམ་པ་འཁྲུངས་ས།

མི་ཕམ་པས་དགུང་ལོ་བདུན་གྱི་སྟེང་ངེས་ཤེས་རིན་པོ་ཆེ་མཛད་སའི་གནས།

ལུང་བསྟན་ནོར་བུ་མེ་འབར་མ། 
          གྲུབ་ཆེན་ཨཱ་མོ་གས་མ་འོངས་པ་ན་ལུང་པ་འདིར་ཡིད་བཞིན་གྱི་ནོར་བུ་ཞིག་འབྱུང་བའི་ལུང་བསྟན་པ་ཡིན་ཟེར། འདི་འཁྲུངས་གཞིས་ན་བཞུགས།
འཁྲུངས་ཡུལ་ཡ་ཆུ་དིང་ཆུང་།

མི་ཕམ་པའི་འཁྲུངས་ཡུལ་གྱི་རྫ་ཆུ།

མི་ཕམ་པའི་ཨ་ར་པ་ཙའི་སྒྲུབ་ཕུག

འཁྲུངས་ཡུལ་ཡ་ཆུ་དིང་ཆུང་།

རི་ངོས་ཀྱི་ཁང་པ་དེ་མི་ཕམ་པའི་སྒྲུབ་ཕུག་དང་རི་གཤམ་གྱི་ལྷ་ཁང་དེར་གོང་གསལ་གྱི་རྟེན་འདི་དག་བཞུགས།

སྒྲུབ་ཕུག་ཞོལ་གྱི་མཆོད་རྟེན།
རྟེན་གཞན་པ།

གྲུབ་ཆེན་ངག་དབང་བསྟན་འཛིན་གྱི་མཚམས་ཁང་།

རྨ་རྒྱལ་སྦོམ་ར།

གཉན་ཆེན་ཐང་ལྷ།

འཇིགས་མེད་རྒྱལ་བུ་སྨྱུ་གུའི་སྐུ་ང་འདྲ་མ།

མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་ཕྱག་རྔ།

མཁན་ཆེན་རིག་རྩལ་རྡོ་རྗེའི་སྐུ་གདུང་མཆོད་རྟེན།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005