གནས་ཡུལ། མདུན་ངོས། དེང་རབས་ཀྱི་སློབ་གསོ།
 
 
༄༅།། དགེ་རྒན་ཞིག་གིས་སློབ་མའི་ཁྱིམ་བདག་རྣམས་ལ་བཏོན་པའི་རེ་བ་བརྒྱད།
སྤེལ་དུས།2018-03-30   ཡོང་ཁུངས་།སྐད་ཡིག་དགེ་རྒན་གྱི་འཕྲིན་སྟེགས།   རྩོམ་པ་པོ། རླངས་ཚ་སྐལ་རྒྱམ་གྱིས་བསྒྱུར།
         རྩོམ་ཐུང་འདི་འཛིན་བདག་དགེ་རྒན་ཞིག་གིས་སློབ་མ་ཚོར་དཀྱིལ་རྒྱུགས་བླངས་རྗེས་སློབ་མའི་ཁྱིམ་བདག་ཚོགས་འདུའི་སྟེང་དུ་ཁྱིམ་བདག་རྣམ་པར་བཤད་པའི་སྐད་ཆ་ཡིན་ལ། ཁོས་སློབ་མའི་ཁྱིམ་བདག་ཚོགས་འདུའི་སྟེང་ནས་བཤད་འདོད་པའི་སེམས་གཏམ་ངོ་མ་ཞིག་ཀྱང་ཡིན། བྱིས་པ་ནི་དགེ་རྒན་གྱི་མིན་པར་ཁྱིམ་བདག་གི་གཅེས་ཕྲུག་ཁོ་ན་ཡིན། འོན་ཀྱང་དགེ་རྒན་ལ་བྱིས་པའི་འཚར་སྐྱེས་ལ་མེད་དུ་མི་རུང་བའི་འགན་འཁུར་ངེས་ཅན་ཞིག་ཡོད། འཛིན་བདག་དགེ་རྒན་འདིས་བཤད་པའི་སྐད་ཆ་འདི་དག་ལ་ཕ་མ་ཚོས་ཉན་རྗེས་ཁྱིམ་བདག་མང་ཆེ་བའི་སེམས་པ་བདེ་བོ་དེ་འདྲ་བྱུང་གིན་མེད་མོད། འོན་ཀྱང་སྐད་ཆ་འདི་དག་གིས་ཁྱིམ་བདག་རྣམ་པར་དྲན་སྐུལ་ཅིག་གནངས་ཡོད། བྱིས་པ་ལ་ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ་གཉིས་མཁོ་རུང་། བྱིས་པའི་འཚར་སྐྱེས་ཀྱི་དུས་ཚོད་མང་ཆེ་བ་ནི་ཁྱིམ་ཚང་གི་ནང་དུ་ཟད་ཀྱིན་ཡོད་པས་བྱིས་པར་ཕྱོགས་གང་ཐད་ནས་གོམས་གཤིས་ལེགས་པོ་ཞིག་ཆགས་པར་ཕ་མ་ལ་འབྲེལ་བ་ངེས་ཅན་ཞིག་ཡོད།
         གཅིག ཁྱོད་ཚོ་འདིར་ཡོང་བར་ངས་བཀའ་དྲིན་ཞུ་དགོས་དོན་མེད། ཁྱིམ་བདག་ཚོགས་འདུ་ལ་ཕ་མ་ཚོ་ངེས་དུ་པར་ཡོང་དགོས།
         ཁྱེད་ཁྱིམ་བདག་རྣམ་པ་ཁོམ་ལོང་བྲལ་བའི་དུས་སྐབས་འདིར་ཁྱིམ་བདག་ཚོགས་འདུ་ལ་ཞུགས་པར་ངས་བཀའ་དྲིན་ཞུ་དགོས་དོན་མེད། རྒྱུ་རྐྱེན་གང་མང་ཞིག་གིས་ཁྱེད་ལ་ཁོམ་ལོང་མེད་མོད། འོན་ཀྱང་ཁྱེད་ནི་ཕྱག་ལས་ལ་ཐུགས་བྲེལ་ཤིན་ཏུ་ཆེ་བ་ཞིག་ཡིན་མི་སྲིད། ཁྱོད་ཀྱི་བྱིས་པས་སློབ་གྲྭ་འདིར་སློབ་སྦྱོང་བྱེད་ཀྱིན་ཡོད་པས་ཕ་མ་ཚོས་་བྱ་བ་འདི་ཁུར་དུ་བླངས་ནས་འདིར་ཕེབས་པའང་འོས་ཤིང་འཚམ་པ་ཞིག་རེད། ཁྱོད་ཚོ་ཁྱིམ་བདག་ཚོགས་འདུ་ལ་ཐེངས་གཅིག་ཡོང་བ་འདིས་ཁྱོད་ལ་ཕན་འབྲས་ཅི་འདྲ་ཞིག་ཐོབ་མིན་ངས་མི་ཤེས་མོད། གལ་ཏེ་ཁྱོད་ཚོ་ཁྱིམ་བདག་ཚོགས་འདུ་འཚོགས་ཐེངས་རེར་མ་ཡོང་བ་ཡིན་ན། ཁྱོད་ཀྱིས་ནམ་ཡང་ཁྱིམ་བདག་གཞན་པས་སློབ་གསོ་ལ་བཟུང་བའི་རྣམ་འགྱུར་དང་རིག་སྟོབས་ཀྱི་འདུ་ཤེས་ལས་སློབ་གསོའི་གལ་ཆེནརང་བཞིན་དང་སློབ་མའི་སློབ་སྦྱོང་གི་བར་ཁྱད་རྩ་བ་ནས་མཁྱེན་མི་སྲིད།
         གཉིས། ཁྱོད་ཀྱི་བྱིས་པ་ནི་དགེ་རྒན་གྱི་མིན་པར་ཁྱིམ་བདག་གི་གཅེས་ཕྲུག་ཡིན།
         བྱིས་པར་སློབ་གསོ་གཏོང་བ་དེ་ང་ཚོ་དགེ་རྒན་ཚོས་ཁྱོད་ལ་རེ་ཞུ་བྱས་པ་མིན་པར་དེ་ནི་ཁྱེད་ཁྱིམ་བདག་གི་འོས་འགན་ཡིན། ཕ་མ་ཞིག་ཡིན་ཕྱིན་ཐབས་བརྒྱ་ཇུས་སྟོང་གིས་རང་གི་བྱིས་པའི་མ་འོངས་པའི་མདུན་ལམ་ལེགས་པོ་ཞིག་གདམ་རྒྱུ་དེ་ཡིན། འོན་ཀྱང་ཁྱིམ་བདག་ཚོགས་འདུ་འཚོགས་ཐེངས་རེར་ང་ཚོ་ཚང་མར་ནོར་འཁྲུལ་ཞིག་ཡོད་པ་ནི་སློབ་གྲྭར་ཡོད་པའི་བྱིས་པ་ཚང་མ་དགེ་རྒན་ཁོ་ནའི་ཡིན་པར་འདོད་ཀྱིན་ཡོད། དགེ་རྒན་གྱིས་སློབ་ཁྲིད་སྟེགས་བུའི་སྟེང་ནས་ཁ་ལྕེ་ཝུ་བ་དང་ཀླད་པ་དར་རར་བཏང་ནས་སློབ་མ་རེ་འགའི་མི་འདང་ས་དང་སློབ་སྦྱོང་ལ་བརྩོན་ལེན་མི་བྱེད་པ། སློབ་གྲྭའི་སྒྲིག་སྲོལ་ལ་དོ་ཁུར་མི་བྱེད་པ་དང་ཁྱིམ་བདག་ཚོས་རང་གི་བྱིས་པར་སེམས་ཁུར་མི་བྱེད་པ། འཛིན་བདག་གི་བྱ་བར་རྒྱབ་སྐྱོར་མི་བྱེད་པའི་སྐོར་གླེང་དུས། ཁྱིམ་བདག་ཚོས་ཀྱང་དྲེལ་མོང་གི་བྱི་བ་བརྐོས་པ་བཞིན་དུ་བསྐྱུར་འཇོག་པ་ཡིན། མདོར་བསྡུས་ན་ང་ཚོས་བྱིས་པའི་འཚར་སྐྱེས་དང་སློབ་སྦྱོང་གི་ཕྱོགས་ལ་ཅི་ལྟར་བདག་པོ་རྒྱག་རྒྱུ་དེ་ཡིན། དེ་ལྟར་མིན་ཚེ་ཁྱོད་ཚོའི་སེམས་པའང་བདེ་བོ་མིན་ལ་དགེ་རྒན་ཚོས་ཀྱང་དང་ལེན་བྱེད་དཀའ་བ་ཞིག་རེད།
         གསུམ། བྱིས་པའི་སློབ་སྦྱོང་གི་བཟང་ངན་དེ་ཁྱིམ་བདག་ལ་འགན་ཁུར་ཆེན་པོ་ཞིག་ཡོད།
         ཁྱོད་ཀྱི་བྱིས་པའི་སློབ་སྦྱོང་གི་འབྲས་བུ་ལེགས་ཚེ་ང་ལ་བཀའ་དྲིན་ཞུ་དགོས་དོན་མེད་ལ། ཁྱོད་ཀྱི་བྱིས་པའི་སློབ་སྦྱོང་གི་འབྲས་བུ་མི་ལེགས་ནའང་ང་ལ་ལེ་གདའ་བྱེད་དོན་མེད། སློབ་སྦྱོང་གི་འབྲས་བུ་ལེགས་པའི་སློབ་མར་རང་བྱུང་གི་རྒྱུ་རྐྱེན་མང་བོ་ཞིག་ཡོད་དེ། ཆེས་གཙོ་བོ་ནི་སློབ་མ་ཁོའི་རང་སྟོབས་ཀྱི་ནུས་པ་དང་ཁྱིམ་བདག་གིས་རང་གི་བྱིས་པར་ལྟ་སྐུལ་གནང་པའི་བྱས་འབྲས་ཡིན། སློབ་སྦྱོང་གི་འབྲས་བུ་ཞན་པའང་ཁའི་སློབ་སྦྱོང་རྨང་གཞི་བཟང་ངན་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན། སློབ་སྦྱོང་གི་གོམས་གཤིས་ལེགས་པོ་ཞིག་མེད་པ་ནི་ཁྱིམ་བདག་དང་དགེ་རྒན་ཚོས་སློབ་མའི་ཡོད་ཚད་ལ་སེམས་ཁུར་བྱས་པ་མ་འདང་བའི་རྐྱེན་གྱིས་རེད། འཛིན་གྲྭ་གཅིག་ལ་སློབ་མར་བཟང་ངན་གཉིས་ཀ་ཡོད། དེ་ནི་དགེ་རྒན་གྱི་ངོས་བལྟས་ན་ཆེས་རྒྱུན་ལྡན་ཞིག་རེད །སློབ་མ་བཟང་ངན་ཚང་མ་འཛིན་གྲྭ་གཅིག་གི་གྲུབ་ཆ་ཞིག་ཡིན། ཁྱོད་ཁྱིམ་བདག་གི་ངོས་ན་གླེང་ན་སློབ་མའི་སློབ་སྦྱོང་དང་ཀུན་སྤྱོད་སོགས་ཕྱོགས་ཚང་མ་ཁྱིམ་ཚང་སློབ་གསོའི་ཡོད་ཚད་ཡིན།
         བཞི། དགེ་རྒན་གྱིས་སློབ་མར་རང་ཉིད་ཀྱི་སློབ་གསོའི་ཐབས་ལམ་ཙམ་ལས་བརྒྱུད་སྤྲོད་བྱེད་མི་ཐུབ།
         དགེ་རྒན་ནི་ལས་རིགས་ཤིག་གི་སྣེ་ཁྲིད་པ་དང་འཚོ་བརྟེན་ལ་བཅོལ་བའི་བྱེད་ཐབས་ཞིག་ཀྱང་ཡིན། དོན་ངོ་མར་ཁྱིམ་བདག་ཚོས་རང་ཉིད་ཀྱིས་རང་གི་བྱ་བའི་སྒྲུབ་སྟངས་ལ་བཟུང་བའི་རྣམ་འགྱུར་ལ་འདང་རྒྱབ་རྗེས། ང་ཚོ་དགེ་རྒན་ཚོའི་བྱ་བའི་གནས་སྟངས་ལ་གཟོད་གསོལ་ཉུང་ཙམ་བྱེད་རོགས་ཞུས་པ་ཡིན།གལ་ཏེ་ཁྱོད་ཀྱིས་རང་གི་བྱ་བའི་གནས་སྟངས་དང་བྱིས་པའི་འཚར་སྐྱེས་ལ་སེམས་ཁུར་བྱས་པ་ཚད་མཐོ་བ་ཡིན་ཚེ། ང་ཚོ་དགེ་རྒན་ཚོ་ལའང་དེ་ལྟར་རེ་བ་མཐོན་པོ་བཟུང་ཀྱང་ཆོག དེ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད། འོན་ཀྱང་ངས་དེ་རིང་འདི་ནས་བཤད་པའི་སྐད་ཆ་ཡོད་ཚད་ལ་བདེན་ཐུབ་ཀྱིས་ཁྱོད་ཚོས་ཉན་དགོས་པའི་ངེས་པ་གཏན་ནས་མེད། ང་ལ་ཁྱོད་ཚོར་སློབ་གསོ་གཏོང་བའི་དབང་ཆ་ཡེ་ན་ས་མེད། ངས་བཤད་དགོས་པ་ནི་གང་དག་དང་བཤད་མི་དགོས་པ་ནི་གང་དག་ཡིན་པར་དམིགས་བཙུགས་ནས་སློབ་མ་ཚོར་འབྲེལ་ཡོད་ཀྱི་སློབ་གསོ་གླེང་བ་ཙམ་ཡིན། འདིའི་སྐོར་ནས་ཁྱོད་ཚོ་ནི་དགེ་རྒན་ཚོ་ལས་ལྷག་པའི་ཆེད་མཁས་པ་ཡིན་ལ། འདིའི་ཕྱོགས་ལ་ཁྱེད་ཚོས་སེམས་ཤུགས་དང་རྒྱུ་ཤུགས་མང་བོ་ཞིག་བཏང་ཡོད་པ་ཐག་གིས་ཆོད། ཡིན་ཡང་ཁྱིམ་བདག་ཚོས་གང་ཞིག་བྱེད་འདོད་པའི་རིགས་དེ་ལྟར་བསྒྲུབ་ཀྱང་ཆོག ངས་བཤད་པར་བདེན་ཤུགས་ཆེ་ན་ཉན་ཀྱང་ཆོག་ལ། ཁྱོད་དང་ཁྱོད་ཀྱི་བྱིས་པར་འབྲེལ་མེད་དུ་ཡོད་ན་མི་ཉན་པར་རྣ་རྒྱབ་ཀྱི་བསེར་བུ་བཞིན་གཡུག་ཀྱང་ཆོག
         ལྔ། ཕ་མ་ཚོའི་བསམ་སྦྱོར་ནི་ཆེས་གནད་འགག་ཅིག་ཡིན།
         ཁྱིམ་བདག་གིས་བྱིས་པའི་འཚར་སྐྱེས་ལ་ངོས་འཛིན་གསལ་བོ་ཞིག་ཡོད་པ་ཡིན་ན་བྱིས་པའི་སློབ་སྦྱོང་གི་བར་བརྒལ་ཀྱང་ཐག་གཅོད་ལེགས་པོ་ཞིག་བྱེད་ཐུབ་ངེས་ཡིན། ཁྱོད་ཀྱིས་སེམས་པར་དེང་སྐབས་སློབ་སྦྱོང་ལ་འབད་པ་བྱས་ཀྱང་ཕན་འབྲས་མེད་པ་དང་། སློབ་ཆེན་ལ་རྒྱུགས་འཕྲོད་ཀྱང་གཞུང་ཞབས་པའི་ལས་ཀ་རེག་མི་ཐུབ་པར་བསམ་ན། ངས་འདི་ནས་ཚོད་དཔག་བྱས་ན་ཁྱོད་ཀྱི་བྱིས་པས་ཀྱང་སློབ་སྦྱོང་ལ་དེ་འདྲའི་དོ་སྣང་བྱེད་མི་སྲིད་པ་ཡིན །གལ་ཏེ་ཁྱོད་ཀྱིས་དུས་ཚོད་མང་ཙམ་སྤྱད་ནས་སེམས་ཤུགས་མ་ཉམས་པར་བྱིས་པའི་ཡོད་ཚད་ལ་ལྟ་སྐུལ་བྱས་པ་ཡིན་ན། ཕལ་ཆེར་ཁྱོད་ཀྱི་བྱིས་པར་བཟང་ཕྱོགས་ཀྱི་གོམས་གཤིས་འཕེལ་བ་ལས་ངན་ཕྱོགས་ཀྱི་སྲོལ་ངན་ལོབས་རྒྱུ་ཁག་པོ་ཡིན། ཁྱིམ་བདག་གིས་ནམ་རྒྱུན་བརྙན་འཕྲིན་ལ་བལྟ་བ་དང་གློག་ཀླད་མིག་མངས་ལ་རོལ་རྩེད་པའི་ཞོར་དུ། བྱིས་པར་ཁྱིམ་ནས་ལས་བྱ་འབྲི་རུ་བཅུག་པ་ཡིན་ན་ཕལ་ཆེར་ཁོ་ལ་སློབ་སྦྱོང་གི་སྤྲོ་སྣང་དང་སེམས་ཤུགས་ཡོད་མི་སྲིད་པའི་ཁར། ཁའི་ སེམས་པར་འདྲ་མཉམ་དང་རྒྱུན་ལྡན་མིན་པའི་སྣང་བ་འཆར་ནས་ཕ་མས་གང་ཡང་བྱས་ཆོག་པ་དང་ངས་གང་ཡང་ལས་མི་ཆོག་པའི་སྣང་བ་སྐྱེས་སྲིད།
         ཕ་མ་ཚོ་དཔེ་ཀློག་ལ་དགའ་བའི་མི་ཞིག་ཡིན་ན། དེ་བཞིན་བྱིས་པ་ཡང་སློབ་སྦྱོང་ལ་སྤྲོ་བ་ཡོད་པའི་སེམས་འདུན་སྐྱེས་ཐུབ་པ་ཡིན། ཕ་མ་ཚོ་ལྗོངས་རྒྱུ་འགྲོ་རྒྱུར་དགའ་བ་ཞིག་ཡིན་ན་དེ་བཞིན་བྱིས་པའང་ཕྱི་རོལ་གྱི་བྱ་འགུལ་མང་པོར་ཞུགས་འདོད་ཀྱི་དགའ་སྣང་འཕེལ་ངེས་ཡིན། དོན་དག་ག་གེ་མོ་ཞིག་གི་གནས་ཚུལ་འོག་ཕ་མས་བྱ་དངོས་ལ་ངོས་འཛིན་བྱས་པས་ཀྱང་བྱིས་པ་ལའང་བྱ་དངོས་ལ་ངོས་འཛིན་བྱེད་སྟངས་ཐད་ཤུགས་རྐྱེན་ཐེབས་ངེས་ཡིན། བྱིས་པའི་བསམ་ཚུལ་དང་མྱོང་ཚོར་གཞན་གྱིས་བདག་ཀར་བཟུང་ཆོག་མོད། འོན་ཀྱང་བདག་ཀར་བཟུང་བ་ནི་མོས་མཐུན་དང་གཏན་ནས་འདྲ་མཚུངས་མིན། བྱིས་པའི་ཡོད་ཚད་བདག་ཏུ་བཟུང་བ་ནི་བྱིས་པའི་བསམ་ཚོར་དང་ལེན་བྱས་པ་དང་མི་མཐུན་པའི་བྱ་སྤྱོད་ཀྱི་མངོན་ཚུལ་ཞིག་ཡིན། དེ་ལས་ལྡོག་སྟེ་ཁྱིམ་བདག་གིས་བྱིས་པའི་མྱོང་ཚོར་ལ་ཤེས་རྟོགས་བྱས་རྗེས་དཔེ་སྟོན་རང་བཞིན་གྱིས་བྱིས་པར་ཅི་ལྟར་རང་ཉིད་ཀྱི་མྱོང་ཚོར་བཤད་དུ་བཅུག་ན། བྱིས་པས་ཀྱང་རང་གི་གནས་སྟངས་དང་བྱ་སྤྱོད་ལ་སྙོམས་སྒྲིག་དང་འགྱུར་བ་གཏོང་ཐུབ། དཔེར་ན། ཕ་མས་བྱིས་པའི་སློབ་སྦྱོང་གི་གནས་བབ་ལ་ལྟ་སྟངས་ལེགས་པོ་བཟུང་བ་ཡིན་ན་བྱིས་པའི་བསླབ་འབྲས་ཀྱང་རིམ་བཞིན་ཇེ་ལེགས་སུ་འགྲོ་ངེས་ཡིན།
         དྲུག སྐད་ཡིག་སློབ་སྦྱོང་ནི་སློབ་ཁང་སློབ་ཁྲིད་ཁོ་ན་ལ་རེ་བཅོལ་བྱེད་མི་རུང་།
         སྐད་ཡིག་སློབ་ཁྲིད་ནི་གཟའ་འཁོར་གཅིག་གི་ནང་ཐུན་ལྔ་དང་ཐུན་གཅིག་ལ་སྐར་ཞེ་ལྔ་མ་གཏོགས་མེད་པས་ང་ཚོ་དགེ་རྒན་རྣམས་ལ་ཡང་་འགན་ཁུར་མང་བོ་ཞིག་ཡོད་པ་ཡིན། རྩ་བར་གྱུར་བའི་དུས་ཚོད་མང་ཤོས་ནི་སློབ་མས་སྐད་ཡིག་ངོས་འཛིན་དང་ཀློག་འདོན། སྐད་ཡིག་ཤེས་རྟོག་དང་རྩོམ་འབྲིའི་མཛུབ་སྟོན་གྱི་སྟེང་དུ་བཀོལ་དགོས། དེ་འདྲའི་དུས་ཚོད་ཐུང་ངུ་ཞིག་གི་ནང་དུ་བྱིས་པ་གཅིག་གི་ཡོད་ཚད་གཏན་ནས་ཁག་ཐེག་བྱེད་མི་ཐུབ། འཛིན་གྲྭ་གཅིག་གི་ནང་དུ་སློབ་མ་བཞི་བཅུའི་ཡན་ཡོད་པས་ངས་དུས་རྒྱུན་དུ་སེམས་པར་འཆར་བ་ནི་བྱ་བ་གཞན་དག་བསྐྱུར་རྗེས་དུས་ཚོད་བརྒྱ་ཆའི་བརྒྱད་ཅུ་སློབ་མའི་ཀུན་སྤྱོད་སློབ་གསོ་དང་བསླབ་འབྲས་ལ་ཁྱད་པར་ཡོད་པའི་སློབ་མ །ལས་བྱ་བཀོད་སྒྲིག་དང་སློབ་མ་རེ་རེའི་ལས་བྱར་བལྟ་བ། ལས་བྱ་དག་སྒྲིག་དང་ནོར་བཅོས། ཡང་བསྐྱར་དག་སེལ་དང་ནོར་བཅོས་སོགས་ཀྱི་སྟེང་བཀོལ་དགོས་པ་ལས། ཆེད་དམིགས་རང་བཞིན་གྱིས་དུས་ཚོད་མང་ཆེ་བ་སློབ་མ་ཚོའི་སྐད་ཡིག་ཀློག་འདོན་དང་འབྲི་སྦྱོང་གི་སྟེང་དུ་བཀོལ་ཁག་པོ་འདུག གལ་ཏེ་སློབ་མ་ཚོས་རང་ཁྱིམ་ནས་ཕ་མའི་རོགས་འདེགས་ལ་བརྟེན་ནས་སློབ་གསེང་གི་དུས་ཚོད་བེད་སྤྱད་དེ་སྐད་ཡིག་ཀློག་འདོན་དང་བསྐྱར་སྦྱོང་མི་བྱེད་པ། ལས་བྱར་གཟབ་ནན་དང་བསམ་གཞིགས་མི་བྱེད་པར་དུས་ནམ་ཡང་སློབ་གྲྭ་ལས་སློབ་ཁང་སློབ་ཁྲིད་ཁོ་ནར་རེ་བཅོལ་བྱས་པ་ཡིན་ན། བྱིས་པར་ཆེས་མཐོ་བའི་སྐད་ཡིག་བློ་སྦྱོང་གི་རེ་ཐག་ཆད་པ་ཡིན། དེ་བས་དགེ་རྒན་ཚོར་དེ་དག་ཡོངས་འགྲུབ་བྱེད་པའི་དུས་ཚོད་གཏན་ནས་མེད་པས་ཁྱིམ་བདག་གིས་ནུས་ཤུགས་གཙོ་བོ་འདོན་དགོས།
         བདུན། དེང་སྐབས་སྐད་ཡིག་གི་གནས་བབ་ཇེ་མཐོར་དང་དེ་ལ་དོ་སྣང་བྱེད་མཁན་གྱི་མི་ཇེ་ཉུང་དུ་འགྲོ་བཞིན་ཡོད།
         དུས་རྒྱུན་འབྲིང་རྒྱུགས་དང་མཐོ་རྒྱུགས་ལ་འགྱུར་བཅོས་གཏོང་བཞིན་ཡོད་པས། མ་འོངས་པར་སྐད་ཡིག་གི་འགན་ནུས་གོམ་གང་མདུན་སྤོས་ཀྱིས་ཇེ་ཆེར་འགྲོ་བཞིན་ཡོད། རྗེས་ཕྱོགས་སློབ་གྲྭའི་སློབ་གསོའི་ནུས་ཚད་ཀྱང་དངོས་ཡོད་ལག་ལེན་དང་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་ཡོངས་སུ་མཐུན་པར་བྱེད་པ། དེ་ལས་གཞན་མཐོ་རྒྱུགས་ཀྱི་རིག་ཚན་དང་རྩིས་ཚན་གྱི་རྒྱུགས་ལེན་ཚད་གཞི་མེད་པར་བཟོས་ནས་སྣ་འཛོམས་རང་བཞིན་གྱི་རྒྱུགས་སྤྲོད་ལམ་ལུགས་ལག་བསྟར་བྱས་རྗེས། མ་འོངས་པར་སློབ་སྦྱོང་གི་ཚད་གཞི་ཇེ་མཐོར་འགྲོ་བ་དང་། བྱིས་པ་ཚོ་སློབ་གྲྭ་ནས་བག་ཕེབས་ཁོར་ཡུག་གི་འོག་ཇི་ལྟར་སྐད་ཡིག་ལ་སྤྲོ་སྣང་མེད་པའི་གོམས་གཤིས་མེད་པར་གཏོང་བ་དང་ཤེས་བྱའི་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་ཡིན། ངས་དོན་ངོ་མར་བཤད་དཀའ་བ་ཞིག་ནི་བྱིས་པ་ཚོ་དམའ་འབྲིང་དང་མཐོ་འབྲིང་ལ་ཞུགས་རྗེས་སློབ་སྦྱོང་གི་ནང་དོན་ཇེ་མང་དང་རེ་བ་ཇེ་མཐོར་སོང་བའི་གནས་ཚུལ་འོག སློབ་མ་ཚོས་ཇི་ལྟར་ཤེས་བྱ་མང་བོ་ཞིག་ལ་དགྲ་རྒྱགས་སྒོར་ཕུད་ཀྱི་ལྟ་སྟངས་གང་འདྲ་ཞིག་འཛིན་དགོས་པ་ཡིན།
         བརྒྱད། ཁྱོད་ཚོས་རང་འགུལ་གྱིས་དགེ་རྒན་ལ་འབྲེལ་ལམ་བཙུགས་ནས་ཉམས་མྱོང་བརྗེ་རེས་བྱེད་དགོས།
         ངས་འདིར་བརྗོད་པའི་སྐད་ཆ་ཚང་མ་སེམས་གཏམ་ཡིན། འོན་ཀྱང་ཚང་མ་འགྲིག་ཐག་ཆོད་པའི་ངེས་པ་གཏན་ནས་མེད། ཁྱིམ་བདག་ཚོས་ང་ལ་བསམ་འཆར་བཏོན་ཡང་ཆོག་ལ། ཁོམ་པ་རེ་ཡོད་དུས་ང་ལ་བསམ་ཚུལ་ལས་ཉམས་མྱོང་བརྗེ་རེས་བྱས་ཀྱང་ཆོག འོན་ཀྱང་ཆེས་དཀའ་ས་ཞིག་ཡོད་པ་ནི་ངས་ཁྱོད་ཚོ་ལ་བཤད་འདོད་པའི་སྐད་ཆ་རེ་འགའ་བརྗོད་རྒྱུའི་གོ་སྐབས་མེད་པ་དེ་རེད། དེ་བཞིན་ཁྱོད་ཚོས་ང་ལ་ཁ་པར་གཏོང་ཐེངས་ཀྱང་རིམ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད།
         ཁྱོད་ཚོ་ཚང་མས་རང་གི་བྱིས་པ་སློབ་གྲྭར་བསྐྱལ་རྗེས། བྱིས་པའི་ཡོད་ཚད་དགེ་རྒན་ལ་བཅོལ་བ་ཡིན་ནམ། ཁྱོད་ཚོའི་སེམས་བདེ་སོང་བ་ཨེ་རེད། དོན་ངོ་མར་བཤད་ན་ངའི་སེམས་པ་བདེ་ཐབས་ཤིག་མི་འདུག ངས་རང་ཉིད་ཀྱི་འཇོན་ནུས་ལ་ཚད་ཡོད་པ་ཤེས་ཡོད། ངས་ཁྱོད་ཀྱི་བྱིས་པར་ཆེས་ལེགས་པའི་དོ་ཁུར་གཏན་ནས་བྱེད་མི་ཐུབ་ལ། སློབ་མ་རེ་རེར་འདྲ་མཉམ་གྱིས་ཟབ་ཁྲིད་ཀྱང་དེ་བས་བྱེད་མི་ཐུབ། དེ་བཞིན་དུ་སློབ་མ་ཚང་མར་བསླབ་འབྲས་ལེགས་པོ་ཞིག་ལེན་དུ་འཇུག་རྒྱུའི་གདེང་ཚོད་ཀྱང་ཡེ་ནས་མེད་པ་རེད། འདི་ནི་གོང་དང་འདྲ་བར་ངའི་སེམས་ཀྱི་སྐད་ཆ་ངོ་མ་དེ་རང་ཡིན།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005