གནས་ཡུལ། མདུན་ངོས། དེང་རབས་ཀྱི་སློབ་གསོ།
 
 
༄༅།། དཔེ་ཆོས་གཏམ་རྒྱུད་ཀྱི་སློབ་གསོའི་ནུས་པའི་སྐོར་རགས་ཙམ་གླེང་བ།
སྤེལ་དུས།2018-03-30   ཡོང་ཁུངས་།ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ། དབྱངས་སྐྱིད་ལྷ་མོ།
         དང་པོ། བསམ་གཞིགས་ཀྱི་ནུས་པ་སྐྱེད་སྲིང་བྱེད་པ།
         མིའི་རིགས་ཀྱི་བསམ་གཞིགས་ནི་རང་མཚན་བསམ་གཞིགས་ནས་སྤྱི་མཚན་བསམ་གཞིགས་ཀྱི་ཕྱོགས་སུ་འཕེལ་བའི་གོ་རིམ་ངེས་ཅན་ལྡན་ཞིང་། མིའི་རིགས་སྤྱིའི་ཆ་ནས་བལྟས་ན། ལྷ་སྒྲུང་ནི་མིའི་རིགས་ཀྱི་གདོད་མའི་བསམ་གཞིགས་བྱེད་སྟངས་ཡིན་ལ། རྗེས་སུ་རིམ་གྱིས་རྗེས་དཔོག་བསམ་གཞིགས་ཀྱི་ནུས་པ་གྲུབ་པ་ཡིན། མི་ཞིག་གི་མི་ཚེའི་ཁྲོད་དུ་བྱིས་པའི་དུས་རིམ་ནི་རང་མཚན་བསམ་གཞིགས་ཀྱི་དུས་སྐབས་ཡིན་ཞིང་། གཞོན་ནུའི་དུས་རིམ་ནི་རང་མཚན་བསམ་གཞིགས་ནས་སྤྱི་མཚན་བསམ་གཞིགས་དུ་འཕེལ་བའི་བར་བརྒལ་ཀྱི་དུས་སྐབས་ཡིན། དེ་ཕྱིར་གདོད་མའི་མི་རྣམས་ནི་མིའི་རིགས་ཀྱི་བྱིས་པའི་དུས་རིམ་ཡིན། དཔེ་ཆོས་གཏམ་རྒྱུད་ལྟ་བུ་མི་སྒེར་དང་ཐུན་མོང་གང་ལ་མཚོན་ནའང་། གནའ་ནས་ད་ལྟའི་བར་དུ་བསམ་གཞིགས་ཀྱི་ནུས་པ་བསྐྱེད་བསྲིང་ཐད་ལ་ནུས་པ་མི་དམན་པ་ཐོན་ཡོད། དཔེ་ཆོས་གཏམ་རྒྱུད་ནི་བྱིས་སྒྲུང་དང་འདྲ་བར། མིའི་རིགས་ཀྱི་ཆེས་སྔ་ཤོས་ཀྱི་རྩོམ་རིག་བརྩམས་ཆོས་ཡིན་ལ། ལོ་ཆུང་བྱིས་པ་ཚོར་མཚོན་ན་རང་བྱུང་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་ཤེས་འདོད་དང་རྟོགས་འདོད་ཀྱི་བློས་ཁེངས་ཤིང་། བྱིས་སྒྲུང་གི་ཁོ་ཚོའི་སེམས་ཁམས་དང་མཐུན་པའི་སྒོ་ནས་སྣང་ཚུལ་དེ་དག་ལ་གསལ་བཤད་བྱེད་ཐུབ།
         གཉིས་པ། ལྟ་ཞིབ་དང་འཆར་སྣང་གི་ནུས་པ་སྐྱེད་སྲིང་བྱེད་པ།
         ཞིབ་ལྟའི་ནུས་པ་ཟེར་བ་ནི་བྱ་དངོས་གང་རུང་ཞིག་གི་ཁྱད་ཆོས་ལ་ཡང་དག་དང་ཆ་ཚང་བ། གཏིང་ཟབ་པའི་སྒོ་ནས་ཤེས་རྟོགས་བྱེད་པའི་ནུས་པ་ལ་ཟེར་ཞིང་། དཔེ་ཆོས་གཏམ་རྒྱུད་ཀྱིས་བྱ་དངོས་སོ་སོར་བདེན་པའི་སྒོ་ནས་ཞིབ་འབྲི་དང་དཔྱད་བརྗོད་བྱེད་པ་ཡིན་ལ། དེ་ལས་མི་རྣམས་ལ་བློ་སྐྱེད་ངེས་ཅན་ཞིག་སྟེར་ཐུབ་ངེས། འཆར་སྣང་ནི་མིའི་ཀླད་པའི་ཕྱི་རོལ་ཡུལ་གྱི་སྣང་ཚུལ་ལ་ལས་སྣོན་བྱས་ཏེ་སྣང་ཚུལ་གསར་པ་གསར་དུ་གཏོད་པའི་སེམས་ཁམས་ཀྱི་བརྒྱུད་རིམ་ལ་ཟེར་ཞིང་། མིའི་རིགས་ཀྱི་གསར་གཏོད་ཀྱི་ལས་འགུལ་ཁྲོད་དུ་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། དཔེ་ཆོས་གཏམ་རྒྱུད་ནི་ལྷ་སྒྲུང་དང་བྱིས་སྒྲུང་སོགས་རྩོམ་ལུས་གཞན་དང་བསྡུར་ན། འཆར་སྣང་གི་ཆ་དེ་དེ་འདྲའི་ཕུན་སུམ་ཚོགས་པ་ཞིག་མིན་ཡང་། དཔེ་ཆོས་གཏམ་རྒྱུད་ཀྱི་རབ་རྟོགས་ཀྱི་འབྲི་ཐབས་བཀོད་དེ། སྲོག་ཆགས་དང་སྐྱེས་དངོས་སོགས་ལ་མིའི་ཁྱད་ཆོས་བསྩལ་ཞིང་། ལ་ལར་འུད་བརྗོད་ཀྱི་འབྲི་ཐབས་ཀྱང་སྤྱད་ཡོད་པ་ཡིན། རི་དྭགས་རུ་རུ་ལྟ་བུར་མཚོན་ན་རི་དྭགས་རུ་རུའི་ཕྱི་ཚུལ་གྱི་འབྲི་བཞེངས་ཀྱི་ཆ་དེ་འཇིག་རྟེན་གྱི་གྲགས་ཚོད་ལས་བརྒལ་བ་དང་། དཔེ་ཆོས་གཏམ་རྒྱུད་ཀྱི་འཆར་སྣང་གིས་ཕྱིས་འབྱུང་གི་རབ་རྟོག་བརྩམས་སྒྲུང་གི་འཆར་སྣང་ཐད་རྒྱུ་བསྐྲུན་པ་ཡིན། དཔེ་ཆོས་གཏམ་རྒྱུད་ཀྱི་ཁྲོད་དུ་ནམ་རྒྱུན་གཅིག་ཤེས་ཀུན་གྲོལ་ཀྱི་འབྲི་ཐབས་བཀོད་ཕྱིར། ཀློག་པ་པོ་རྣམས་ཀྱིས་གཏམ་རྒྱུད་གཅིག་བརྒྱུད་དེ་ལོ་རྒྱུས་ཀྱི་དོན་རྐྱེན་དང་ལོ་རྒྱུས་མི་སྣ། དེ་མིན་སློབ་གསོའི་དགོངས་དོན་གྱིས་ཕྱུག་པའི་སྔོན་གྱི་བྱུང་བ་རྣམས་དྲན་ཐུབ་པར་མ་ཟད། སློབ་སྦྱོང་དང་རྟོག་དཔྱོད། མི་དང་མིའི་བར་གྱི་འབྲེལ་བ་འཛུགས་ཐད་སོགས་ལ་ཤིན་ཏུ་མཁོ་གལ་ཆེ་བ་ཡིན།
         གསུམ་པ། མི་གཞི་ཀུན་སྤྱོད་ལེགས་པོ་ཞིག་གསོ་སྐྱོང་བྱེད་ཐུབ་པ།
         མི་གཞི་ཀུན་སྤྱོད་ནི་མི་སྒེར་གྱི་སྤྱི་ཚོགས་ཀྱི་སྒྲིག་ལམ་བརྩི་སྲུང་བྱེད་པ་ལས་ཕྱིར་མངོན་པའི་བརྟན་འཇགས་ཀྱི་རང་གཤིས་ལ་ཟེར། དེའི་ནང་དུ་ཀུན་སྤྱོད་ཀྱི་ངོས་འཛིན་དང་ཀུན་སྤྱོད་ཀྱི་འདུ་ཤེས་སོགས་འདུས་ཤིང་། ཀུན་སྤྱོད་ཀྱི་ངོས་འཛིན་ནི་མི་གཞི་ཀུན་སྤྱོད་གྲུབ་པའི་རྨང་གཞི་ཡིན། ཀུན་སྤྱོད་ཀྱི་ངོས་འཛིན་གསལ་པོར་ཞིག་ཐོབ་མིན་གྱི་ཆ་དེ་གཙོ་བོ་སློབ་གསོ་ལ་རག་ལས་ཤིང་། སློབ་གསོ་དམིགས་ཡུལ་མ་གཞི་ནས་མི་གཞི་ཀུན་སྤྱོད་ཡག་པོ་ཞིག་གསོ་སྐྱོང་བྱ་རྒྱུ་དེ་ཡིན། དེ་བཞིན་དཔེ་ཆོས་གཏམ་རྒྱུད་ཀྱི་མི་གཞི་གསོ་སྐྱོང་ཐད་ནུས་པ་གལ་ཆེན་ཐོན་བཞིན་ཡོད། དཔེ་ཆོས་གཏམ་རྒྱུད་མང་ཆེ་བའི་ལྡོག་ཕྱོགས་ནས་ངན་ཕྱོགས་ཀྱི་སྣང་ཚུལ་སྣ་ཚོགས་ལ་ཟུར་ཟ་དང་མཚང་འབྱིན་བྱས་ཡོད་དེ། མི་རྣམས་ཡ་རབས་ཀྱི་ཕྱོགས་ལ་སྐུལ་སློང་དང་མ་རབས་ཀྱི་ལས་ལ་འཇུག་མི་རུང་བའི་སློབ་གསོ་བཏང་ཡོད་པ་དང་། དཔེ་ཆོས་གཏམ་རྒྱུད་ལས་མཚང་འབྱིན་དང་དགག་རྒྱག་གི་ཐབས་ལམ་སྤྱད་དེ་སྐྱུག་བྲོ་བའི་སྣང་ཚུལ་མཐའ་དག་ལ་སྐྱོན་བརྗོད་དང་། དྲང་ཕྱོགས་ཀྱི་མི་སྣའི་སྣང་བརྙན་ལ་བརྟེན་ནས་མི་རྣམས་ཀྱི་མི་གཞིའི་གཤིས་སྤྱོད་ལ་གོང་བཀུར་དང་རྗེས་སུ་ཡི་རང་བྱེད་དགོས་པར་སྐུལ་བར་བྱེད་དེ། མི་ཆོས་ཀུན་སྤྱོད་ཀྱི་བསམ་བློ་ཡང་དག་ཅིག་ཆགས་པ་དང་མིའི་མི་གཞི་ཇེ་ལེགས་སུ་གཏོང་བར་མངོན་ཤུགས་གང་རུང་ནས་ཕན་འབྲས་ལྡན་ངེས། དྲང་ཕྱོགས་ནས་མི་རྣམས་ལ་མི་ཡག་པོ་ཞིག་བྱེད་པར་གང་གི་ཕྱོགས་ལས་དགོས་པ་དང་། གང་ཞིག་བྱེད་མི་ཉན་པའི་གནས་ལུགས་བརྗོད་ཡོད་པ་ལྟ་བུ། དེ་ལས་གཞན་དཔེ་ཆོས་གཏམ་རྒྱུད་ཀྱི་བསྡུར་བའི་ཐབས་ལམ་སྤྱད་དེ། བདེན་རྫུན་དང་དགེ་སྡིག ཡག་བཙོག་དང་བླུན་རྨོངས་ཀྱི་ཁྱད་པར་གསལ་བར་བསྟན་ཏེ་མི་རྣམས་ཀྱི་སེམས་སུ་བག་ཆགས་ཟབ་མོ་འཇོག་ཐུབ་པ་ཡིན།
         བཞི་བ། སྐད་ཆའི་ནུས་པ་སྐྱེད་སྲིང་བྱེད་པ།
         དཔེ་ཆོས་གཏམ་རྒྱུད་ཀྱི་མིའི་སྐད་ཆའི་ནུས་པ་སྐྱེད་སྲིང་བྱ་ཐུབ་སྟེ། སྐད་ཆ་ལ་ངག་ཐོག་དང་ཡིག་ཐོག་གི་སྐད་ཆ་གཉིས་འདུས་ཡོད། དཔེ་ཆོས་གཏམ་རྒྱུད་ནི་གནའ་བོའི་དུས་ནས་ཞི་ལཱ་དང་རྒྱ་ནག་ལྟ་བུར་མཚོན་ན་ཚིག་རྒྱན་སློབ་སྦྱོང་བྱེད་པའི་ཐབས་ལམ་ཞིག་ཏུ་གྱུར་ཡོད་པར་མ་ཟད། མཁས་པ་རྣམས་ཀྱིས་རང་ཉིད་ཀྱི་བརྩམས་ཆོས་དང་ཡང་ན་གཏམ་བཤད་སོགས་ཀྱི་ནང་དུ་དཔེ་ཆོས་གཏམ་རྒྱུད་བཀོད་པར་དགའ་བ་དང་དེའི་ཐད་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། དེ་བཞིན་དུ་གནའ་བོའི་མི་རྣམས་ཀྱིས་དཔེ་ཆོས་གཏམ་རྒྱུད་ལ་བརྟེན་ནས་བྱིས་པ་དང་གཞོན་ནུ་རྣམས་ཀྱི་སྐད་ཆའི་ནུས་པ་སྐྱེད་སྲིང་བྱེད་བཞིན་ཡོད་དེ། དཔེ་ཆོས་གཏམ་རྒྱུད་ནི་གནའ་བའི་ཞི་ལ་དང་རྒྱ་གར་ནག་གི་སློབ་གསོའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། གནའ་བོའི་ཞི་ལའི་ཡེའུ་སོའི་དཔེ་ཆོས་བསླབ་དེབ་རུ་བདམས་ཏེ་མཐོ་འབྲིང་རིམ་པའི་སློབ་མས་ཚིག་རྒྱན་སྦྱོར་སྟངས་དང་གཏམ་བཤད་ཀྱི་ནུས་པ་གསོ་སྐྱོང་བྱེད་ཡོད་པ་ལྟ་བུ། དེང་གི་དུས་འདིར་སྐད་ཡིག་གི་སློབ་ཁྲིའི་གོ་རིམ་གྱི་ཁྲོད་དུ། དཔེ་ཆོས་གཏམ་རྒྱུད་ལ་བརྟེན་ནས་སློབ་མའི་རྩོམ་འབྲིའི་ནུས་པ་དང་གཏམ་བཤད་ཀྱི་ནུས་པ་མཐོ་འདེགས་སུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། སློབ་ཆུང་འགྲིམས་པའི་སློབ་མ་ཚོར་མཚོན་ན། ཐོག་མར་གཞན་གྱི་རྩོམ་བྲིས་པ་ལ་སོགས་ལ་ལད་མོ་བྱས་ཏེ་རང་ཉིད་ཀྱི་རྩོམ་འབྲིའི་ནུས་པ་ཇེ་མཐོར་གཏང་དགོས་པ་སྨོས་མེད་ཡིན་ལ། སློབ་ཆུང་གི་དུས་རིམ་ནི་སློབ་མའི་ཇི་བཞིན་བརྗོད་པ་དང་ལྷུག་བརྗོད་ཀྱི་ནུས་པ་སྐྱེད་སྲིང་བྱེད་པའི་དུས་རིམ་གལ་ཆེན་ཞིག་ཡིན་ལ། དཔེ་ཆོས་གཏམ་རྒྱུད་ལ་མཚོན་ན། ལྷུག་བརྗོད་བྱེད་སྟངས་གྲལ་དག་ཅིང་གོ་བདེ་བ་དང་། སྣང་བརྙན་གསོན་ཉམས་ལྡན་པས་སློབ་ཆུང་སློབ་མ་རྣམས་ཀྱིས་སློབ་སྦྱོང་དང་རྩོམ་འབྲི་ལ་ཕན་ནུས་ཆེན་པོ་ཐོན་ངེས། །
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005