གནས་ཡུལ། མདུན་ངོས། གསར་འགྱུར།
 
 
མི་རིགས་ཁག་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་དགོས།
སྤེལ་དུས།2019-09-18   ཡོང་ཁུངས་།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་པ་པོ། བདེ་སྐྱིད་བུ་ཁྲིད་གྱིས་བསྒྲིགས།
         ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་འཁྲིད་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་ཀྱི་ཡང་དག་ལམ་བུའི་ཐོག་བསྐྱོད་པས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་བསྟར་བྱས་ནས་གསོན་ཤུགས་གསར་པ་ཟམ་མི་ཆད་པར་རྒྱས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་དང་མཆོང་སྐྱོད་གསར་པ་ཟམ་མི་ཆད་པར་བྱུང་བ། མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོའི་རྣམ་པར་ཤུགས་སྣོན་བརྟན་པོ་ཐེབས་པ་དང་འཕེལ་རྒྱས་གསར་པ་ཟམ་མི་ཆད་པར་བྱུང་སྟེ་ཀྲུང་ཧྭ་མི་རིགས་ལོ་རྒྱུས་ཐོག་གི་མཚར་སྡུག་འོད་སྟོང་འཕྲོ་བའི་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་པ་བརྩམས་ཡོད།
         དེང་གི་བོད་ལྗོངས་སུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་མཐོར་རབ་ཏུ་བཞད་པ་དང་། མི་རིགས་ཁག་སེ་འབྲུའི་གོང་བུ་དང་སྤགས་གོང་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་ཕྱིན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་། མི་རིགས་ཁག་གི་མི་དམངས་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་བྱུང་བ། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་མི་སེམས་སུ་གཏིང་ཟབ་ཟུག་ཡོད། རྒྱལ་ཁབ་ཀྱི་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་བྱེད་རིང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ནས་ཟངས་གྱང་ལྕགས་རྩིག་བསྐྲུན་པ་དང་། “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ”ཡིན་པ་ལག་ལེན་བསྟར་བའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་བྱས་ཡོད།
         ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པས། གཅིག་ཉམས་ཀུན་ཉམས་དང་གཅིག་དར་ཀུན་དར་རེད། འོན་ཀྱང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཁོ་པའི“བོད་རང་བཙན”གྱི་ལོག་སྤྱོད་ཀྱི་ཆབ་སྲིད་ལྐོག་གཡོའི་རྐྱེན་གྱིས་མངོན་སུམ་འཛེམ་མེད་ངང་ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་ཚིག་མཚོན་འདེབས་པ་དང་འཛེམ་བག་མེད་པར་ཆབ་སྲིད་ཀྱི་བསླུ་བྲིད་དང་ཁ་ཕྲལ་ངན་སྐུལ་བྱེད་པ་དང་། མ་རུངས་ཁོག་བཅངས་ཀྱིས་མི་རིགས་དབར་འགལ་ཟླ་བཟོས་ནས་མི་རིགས་ཁ་ཕྲལ་གྱི་རེ་ངན་འཆང་བ།
         བོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོར་གཏོར་བཤིག་གཏོང་གང་ཐུབ་བྱས་ཏེ། ལོ་རྒྱུས་ཐོག་རྩ་བ་ནས་མེད་པའི“བོད་ཆེན་པོ”འཛུགས་པའི་ལྐོག་གཡོ་བཤམས་ཏེ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྩ་བ་ནས་ཁས་ལེན་གྱི་མེད། ང་ཚོས་མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་པ་དང་ཏཱ་ལའི་རུ་ཚོགས་ནི་མི་རིགས་མཐུན་སྒྲིལ་ལ་ཤུགས་རྐྱེན་ངན་པ་བཟོ་མཁན་གྱི་འགལ་རྐྱེན་ཡིན་པ་ངོས་འཛིན་གསལ་པོ་བྱས་ཏེ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོ་ཐེར་འདོན་གཏིང་ཟབ་དང་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་དང་། སིམ་འཛུལ། གཏོར་བཤིག་བཅས་ཀྱི་བྱེད་སྤྱོད་སྣ་ཚོགས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ཏཱ་ལའི་རུ་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་ཇི་ཙམ་བཏང་ན་ང་ཚོས་དེ་ཙམ་གྱིས་བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་དགོས་པ་དང་། དེ་ཙམ་གྱིས་བརྟན་ལྷིང་དང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་རྒྱུན་མཐུད་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།
         མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན། མི་རིགས་ཁག་ཐུན་མོང་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་དར་རྒྱས་གོང་འཕེལ་ཡོང་བར་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་རྩ་བ་ཚུགས་པའི་གཞི་མ་དང་ཚེ་སྲོག་གི་བརྟེན་ས་དང་། དེང་རབས་ཀྲུང་གོས་ཕུགས་འདུན་དོན་གཉེར་དང་ཕུགས་འདུན་གྲུབ་པའི་སྟོབས་ཤུགས་ཀྱི་འབྱུང་རྩ་དང་རེ་བ་གནས་སའང་ཡིན། ང་ཚོས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ཏེ་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་བསྒྲིལ་ན་མི་རིགས་མཐུན་སྒྲིལ་གྱི་དྲང་ནུས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་བོད་ཀྱི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་ཐུབ་ངེས་རེད། 
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005