གནས་ཡུལ། མདུན་ངོས། གསར་འགྱུར།
 
 
ཏིང་ཡེ་ཤན་2019ལོའི་བོད་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་འགོ་ཚུགས་ཉིན་མོའི་གཅིག་སྡུད་འགྲེམས་སྟོན་བྱེད་སྒོར་ཞུགས་པ།
སྤེལ་དུས།2019-09-18   ཡོང་ཁུངས་།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་པ་པོ། བདེ་སྐྱིད་བུ་ཁྲིད་ཀྱིས་བསྒྲིགས།
         ཚེས་16ཉིན་གྱི་སྔ་དྲོར། “དྲ་རྒྱ་བདེ་འཇགས་ཡོང་བར་བྱེད་པ་ནི་མི་དམངས་ཀྱི་ཆེད་དུ་ཡིན། དྲ་རྒྱ་བདེ་འཇགས་ཡོང་བར་བྱེད་དགོས་ན་མི་དམངས་ལ་བརྟེན་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2019ལོའི་བོད་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་འགོ་ཚུགས་ཉིན་མོའི་གཅིག་སྡུད་འགྲེམས་སྟོན་བྱེད་སྒོ་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་སྤེལ་ཞིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཆབས་ཅིག“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ་བཅས་ཀྱི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ལངས་ཏེ། བོད་ཀྱི་དྲ་རྒྱའི་ཆ་འཕྲིན་ལས་དོན་གྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། དྲ་རྒྱའི་གཡུལ་ས་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ཆེན་པོ་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         བྱེད་སྒོ་སྤེལ་ཡུལ་དུ་མི་ཚོགས་མང་ནའང་སྒྲིག་ལམ་ཡག་པོ་ཡོད་ཅིང་། འགྲེམས་སྟོན་ནང་ཞུགས་མཁན་ཚན་པ་དང་ཁེ་ལས་ཀྱིས་དྲིལ་བསྒྲགས་ཡིག་རིགས་སྤྲོད་པ་དང་རྩྭ་གཉིས་ཨང་རྟགས་ཕབ་ནས་ལག་ཐོགས་ཁ་པར་ནས་སྤེལ་རེས་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད། འགྲོ་འོང་བྱེད་མཁན་མང་ཚོགས་ལ་དྲ་རྒྱའི་བདེ་འཇགས་ཤེས་བྱ་འགྲེལ་བཤད་བརྒྱབ་པ་དང་དྲ་རྒྱའི་བདེ་འཇགས་ལག་རྩལ་གྱི་གྲུབ་འབྲས་བཤམས་སྟོན་བྱས་པ་རེད། ཏིང་ཡེ་ཤན་དང་བཅས་པས་ཕེབས་ཀྱིན་གཟིགས་ཀྱིན་དང་ཕེབས་མཚམས་ཡང་ཡང་བཞག་སྟེ། འགྲེམས་ཞུགས་ཚན་པ་དང་ཁེ་ལས་ཀྱི་ལས་དོན་མི་སྣ་དང་སྤེལ་རེས་ཀྱིས་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། དྲ་རྒྱའི་བདེ་འཇགས་ཁེ་ལས་ཀྱི་འགྲེམས་ཁུལ་དུ། ཁོང་གིས་རྒྱ་ཆེའི་དྲ་རྒྱའི་བདེ་འཇགས་ཁེ་ལས་ཀྱིས་ལྟེ་བར་དམིགས་རྒྱུ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། ཁེ་ལས་ཀྱི་ཆབ་སྲིད་འགན་འཁྲི་དང་སྤྱི་ཚོགས་འགན་འཁྲི་ཁུར་བའི་བརྒྱུད་རིམ་ནང་རང་ངོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས“གཉིས་ཁེ”ཡོང་བ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         བརྟག་ཞིབ་གནང་རིང་། ཏིང་ཡེ་ཤན་གྱིས་དྲ་རྒྱ་བདེ་འཇགས་མ་བྱུང་ན་རྒྱལ་ཁབ་བདེ་འཇགས་ཡོང་མི་སྲིད་པ་དང་ཆ་འཕྲིན་ཅན་བདེ་འཇགས་མ་བྱུང་ན་དེང་རབས་ཅན་ཡོང་མི་སྲིད། དེས་ན་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློར་བཅིངས་འགྲོལ་གཏོང་བ་དང་། འཕེལ་རྒྱས་དང་བསྟུན་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཚན་རྩལ་བེད་སྤྱོད་དང་ལྟ་སྐུལ་དོ་དམ་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་བསྒྱུར་བཀོད་རིམ་སྤོར་གྱི་གོམ་སྟབས་མགྱོགས་སུ་གཏོང་བ། དྲ་སྦྲེལ་དང་། གྲངས་གཞི་ཆེན་མོ། མི་ཐབས་རིག་ནུས། དངོས་ཚན་དཔལ་འབྱོར་བཅས་མཉམ་འདྲེས་གཏིང་ཟབ་ཐུབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། དྲ་རྒྱ་ཧུར་བརྩོན་ཆེན་པོས་སྐྲུན་དགོས་པ་དང་། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་དགོས་ཤིང་། རང་ལྗོངས་འདི་ཉིད་ཁ་འཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཡུལ་ས་མདུན་མར་ཆགས་པའི་དོན་དངོས་ལ་གཞིགས་ཏེ། ཡང་དག་པའི་དྲ་རྒྱའི་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ། དྲ་རྒྱའི་ཉེན་ཁ་འགོག་ཟོན་ཧུར་ཐག་བྱེད་པ། དྲ་རྒྱའི་བདེ་འཇགས་འགན་ལེན་ཤུགས་ཆེན་བྱེད་པ། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དྲ་རྒྱའི་བདེ་འཇགས་འགན་ལེན་བྱེད་པ་བཅས་བྱས་ནས། དྲ་རྒྱར་དོ་དམ་ཡག་པོ་མཐའ་གཅིག་ཏུ་བྱེད་དགོས་པ། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་། དྲང་ནུས་དར་སྤེལ་གཏོང་བ། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགོ་ཁྲིད་དབང་ཆ་དང་སྐད་ཆ་ཤོད་དབང་སྟངས་འཛིན་ཡག་པོ་བྱེད་པ། དྲ་རྒྱ་བདེ་འཇགས་ཡོང་བ་བྱེད་པའི་ཁྲོད་མི་ཚང་མ་ཞུགས་པ་དང་མི་ཚང་མར་འགན་འཁྲི་ཡོད་པའི་སྣང་ཚུལ་ཡག་པོ་ཞིག་གཏོད་པ་བཅས་བྱས་ནས་དྲ་རྒྱ་བེད་སྤྱོད་ཡག་པོ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005