གནས་ཡུལ། མདུན་ངོས། གསར་འགྱུར།
 
 
ནག་ཆུ་གྲོང་ཁྱེར་ཤག་ཆུ་གྲོང་རྡལ་གྱི་མང་ཚོགས་རིག་གནས་བྱེད་སྒོའི་ལྟེ་གནས་བསྐྲུན་ནས་སྤྱོད་འགོ་ཚུགས་པ།
སྤེལ་དུས།2019-10-16   ཡོང་ཁུངས་།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་པ་པོ། ཚེ་རིང་ཆོས་སྒྲོན་གྱིས་བསྒྲིགས།
         རག་སྡིས་ཀྱིས་རྟེན་འབྲེལ་འཕྲིག་ཡིག་སྤྲིངས་པ་དང་། ཆེ་དགྲ་ལྷ་ཕེབས་པ་དང་འབྲེལ་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ།
         ཟླ་10ཚེས་12ཉིན། ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་གྲོང་ཁྱེར་གྱི་རོགས་སྐྲུན་རྣམ་གྲངས་ཡིན་པའི་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་གྱི་མང་ཚོགས་རིག་གནས་བྱེད་སྒོའི་ལྟེ་གནས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་ཀྱིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དང་། (འཕྲིན་ཡིག་ཆ་ཚང་དེ་རིང་གི་པར་ངོས་གཉིས་པར་བཀོད་ཡོད) ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཕེབས་པ་དང་འབྲེལ་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཕེབས་ཡོད་པ་རེད། ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་གྲོང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཀུའོ་ཚའེ་ཝུའུ་ཡིས་རོགས་སྐྲུན་གནས་ཚུལ་ངོ་སྤྲོད་གནང་བ་དང་། ནག་ཆུ་གྲོང་ཨུད་དང་། འབྲི་རུ་རྫོང་ཨུད་ཀྱི་འགན་འཁུར་བ་དང་ཤག་ཆུ་གྲོང་རྡལ་གྱི་མང་ཚོགས་ཀྱི་འཐུས་མིས་གཏམ་བཤད་སྤེལ་བ་རེད།
         རྟེན་འབྲེལ་འཕྲིན་ཡིག་ནང་། རག་སྡིས་ཀྱིས་ཤག་ཆུ་གྲོང་རྡལ་གྱི་མང་ཚོགས་ཀྱི་རིག་གནས་བྱེད་སྒོའི་ལྟེ་གནས་ནི་ཀོང་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་དང་། ཀྲུའུ་ཧའེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་། བོད་བྱང་ཐང་གི་མི་དམངས་ལ་ཐུགས་ཁུར་གནང་བའི་བྱ་ཐབས་གལ་ཆེན་ཞིག་དང་། ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཀོང་ཏུང་དུ་ཕྱག་ལས་གནང་སྐབས་སྐུ་ངོ་མས་ཐུགས་ཁུར་དང་སྐུལ་འདེད་ལག་བསྟར་གནང་བའི་བོད་སྐྱོར་རྣམ་གྲངས་གལ་ཆེན་ཞིག ཤག་ཆུ་གྲོང་རྡལ་གྱི་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དམངས་འཚོའི་འདུ་འགོད་དང་དམངས་སེམས་འདུ་འགོད་གལ་ཆེན་ཞིག་རེད། དེ་ཐོག་ནས་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭས་བོད་བྱང་ཐང་གི་མི་དམངས་ལ་དམིགས་བསལ་གྱི་ཐུགས་ཁུར་གནང་ལུགས་དང་། ཀོང་ཏུང་གི་མི་དམངས་དང་ཀྲུའུ་ཧའེ་ཡི་མི་དམངས་ཀྱིས་བོད་ཀྱི་མི་དམངས་ལ་བརྩེ་སེམས་ཟབ་མོ་འཆང་ལུགས་གང་ལེགས་མཚོན་ཡོད་ལ། བོད་རྒྱ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་གང་ལེགས་མཚོན་ཡོད་ཅེས་གསུངས་ཡོད་པ་རེད།
         རྟེན་འབྲེལ་ཡི་གེའི་ནང་། རག་སྡིས་ཀྱིས་བྱེད་སྒོའི་ལྟེ་གནས་འདི་ཏང་གི་གཞི་རིམ་དྲིལ་བསྒྲགས་སློབ་གསོའི་རྟེན་གཞི་ཞིག་ཏུ་བསྐྲུན་པ་དང་། རྒྱུན་དུ་བོད་གསར་རྙིང་སྡུར་བའི་འགྲེམས་སྟོན་བྱེད་སྒོ་སྤེལ་ཏེ་གཞོན་རབས་པ་ཚོར་སྤྱི་ཚོགས་རྙིང་པའི་སྡུག་བསྔལ་དང་སྤྱི་ཚོགས་གསར་པའི་བདེ་སྐྱིད་ཤེས་སུ་བཅུག་པ་དང་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་གང་ནས་བྱུང་བ་ཤེས་སུ་བཅུག་ནས། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས་པའི་སློབ་གསོ་རྒྱག་དགོས། དུས་ཚོད་ངེས་གཏན་ནང་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་འགྲེམས་སྟོན་དང་རིག་རྩལ་བྱེད་སྒོ་སྣ་ཚོགས་སྤེལ་ཏེ། སྲོལ་རྒྱུན་གྱི་རིག་གནས་དང་དེང་རབས་ཀྱི་ཤེས་དཔལ་ཟུང་འབྲེལ་ལ་མཐོང་ཆེན་བྱས་ནས། འབྲོག་པ་མང་ཚོགས་ཀྱིས་རྒྱུན་ཆད་མེད་པར་བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་བསྒྱུར་ཏེ་དེང་རབས་ཀྱི་འཚོ་བར་རྒྱུན་ཆད་མེད་པར་འདྲེས་རྒྱུར་ཁྲིད་སྟོན་བྱེད་དགོས། བྱེད་སྒོའི་ལྟེ་གནས་ལ་བདག་གཅེས་ཡག་པོ་དང་སྲུང་སྐྱོབ་ཡག་པོ་བྱེད་པ་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཆེ་ཤོས་ཐོན་པར་བྱས་ཐོག ཤག་ཆུ་གྲོང་རྡལ་གྱི་ཡུལ་མིར་གཞི་རྩའི་སྤྱི་པའི་ཞབས་འདེགས་དང་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཤག་ཆུ་གྲོང་རྡལ་གྱི་མང་ཚོགས་རིག་གནས་བྱེད་སྒོའི་ལྟེ་གནས་ཀྱི་རྣམ་གྲངས་ལ་ཀྲུའུ་ཧའེ་གྲོང་ཁྱེར་གྱིས་རོགས་སྐྱོར་བྱས་པ་དང་། ཀྲུའུ་ཧའེ་གྲོང་ཁྱེར་འཛུགས་སྐྲུན་ཇུས་འགོད་ཁང་གིས་རྣམ་གྲངས་ཇུས་འགོད་བྱས་ཤིང་། ཁྱོན་མ་དངུལ་སྒོར་ཁྲི་3000བཏང་བ་དང་། 2017ལོའི་ཟླ་4པར་སྐྲུན་འགོ་ཚུགས་པ་དང་། 2019ལོའི་ཟླ་10པར་ཡོངས་སུ་བསྐྲུན་ཟིན་པ་རེད།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005