གནས་ཡུལ། མདུན་ངོས། གསར་འགྱུར།
 
 
སྟོབས་ཤུགས་གཅིག་སྒྲིལ་འགག་སྒྲོལ་ལྷོད་མེད་བྱས། ས་མཐོའི་རྣམ་པ་ཉིན་བཞིན་གསར་པར་འགྱུར།
སྤེལ་དུས།2019-10-28   ཡོང་ཁུངས་།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་པ་པོ། བསོད་ནམས་དབང་འདུས་ཀྱིས་བསྒྲིགས།
ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70རིང་གི་རང་ལྗོངས་ཀྱི་དབུལ་སྒྲོལ་བྱ་གཞག་སྐོར།
          ● 1965ལོ་ནས་1978ལོ་བར་རང་ལྗོངས་ཀྱིས་ཞིང་འབྲོག་པར“གཞན་བརྟེན་རྣམ་པའི”དབུལ་སྐྱོར་བྱས་པ།
          ● 1984ལོར“གཏན་འཁེལ་བཞིའི”དབུལ་སྐྱོར་བྱ་སྤྱོད་སྤེལ་བ།
          ● 1994ལོར《བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྐྱོར་འགག་སྒྲོལ་གྱི་འཆར་གཞི》བཟོས་ཏེ་དེའི་ནང་ཞིང་ཁུལ་དུ་སྒོར་600དང་། འབྲོག་ཁུལ་དུ་སྒོར་700 ས་མ་འབྲོག་ཁུལ་དུ་སྒོར་650བཅས་ཡིན་པའི་དབུལ་སྐྱོར་ཚད་གཞི་གཏན་འཁེལ་བྱས་པ་དང་སྐབས་དེར་ཞིང་འབྲོག་ཁུལ་དུ་ཞིང་འབྲོག་པ་དབུལ་པོ་ཁྲི་48ཡོད་པ།
          ● 2001ལོར་རང་སྐྱོང་ལྗོངས་ཀྱིས་སྒོར་1300ཡི་དབུལ་སྐྱོར་ཚད་གཞི་བཟོས་པ། ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོ་ཁྲི་148ཡོད་པ་དེ་གཙོ་གནད་དབུལ་སྐྱོར་བྱ་ཡུལ་དུ་བརྩིས་པ།
          ● 2006ལོར་རང་ལྗོངས་ཀྱི་དབུལ་སྐྱོར་ཚད་གཞི་སྒོར་1700བར་ལེགས་སྒྲིག་བྱས་པ། སྒོར་1700ལས་དམའ་བའི་ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོ་ཁྲི་96.4ཡོད་པ་དེ་དབུལ་སྐྱོར་གྱི་ཁྱབ་ཁོངས་ནང་བཅུག་པ།
          ● 2012ལོར་རང་ལྗོངས་ཀྱིས་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་2300དབུལ་སྐྱོར་གྱི་ཚད་གཞི་གསར་པར་བརྩིས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོ་ཁྲི་117ལ་འཆར་གཞི་དང་སྒྲིག་འཛུགས་ཡོད་པའི་སྒོ་ནས་གསར་སྤེལ་རྣམ་པའི་དབུལ་སྐྱོར་བྱས་པ།
          དམངས་གཙོའི་བཅོས་སྒྱུར་བྱས་ཚུན་རང་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱིས“དབུལ་པོ་དབུལ་རྐྱང་མེད་པ་བཟོ་བ”དང་། རྒུད་སྐྱོབ་རྣམ་པའི་དབུལ་སྐྱོར། ཐོན་སྐྱེད་རྣམ་པའི་དབུལ་སྐྱོར། གསར་སྤེལ་རྣམ་པའི་དབུལ་སྐྱོར། གནད་སྨིན་དབུལ་སྐྱོར་བཅས་དུས་མཚམས་ལྔ་བརྒྱུད་ཡོད།
          1951ལོར་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་མི་དམངས་ཀྱི་འཚོ་བ་ཧ་ཅང་སྐྱོ་པོ་ཡིན་པར་དམིགས་ཏེ་བོད་སྐྱོད་ལས་དོན་མི་སྣ་དང་མི་དམངས་བཅིངས་འགྲོལ་དམག་གིས་སྐྱེད་མེད་དམ་སྐྱིན་ཚབ་མི་དགོས་པའི་ཞིང་འབྲོག་དངུལ་བུན་བཏང་ནས་མང་ཚོགས་ཀྱི་ཐོན་སྐྱེད་ལ་རོགས་རམ་བྱས་པ་དང་། རིན་མེད་ངང་མང་ཚོགས་ལ་ནད་ལྟ་བ། སློབ་གྲྭ་འབྲིང་ཆུང་འཛུགས་པ། མི་དམངས་ཀྱི་བདེ་ཐང་དང་རིག་གནས་སློབ་གསོར་སེམས་ཁུར་བྱེད་པ། རྒུད་གསབ་ལས་སྤྲོད་ངང་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ། འགྱེད་བརྒྱབ་པ་དང་རྒུད་སྐྱོབ་བཅས་བྱས་ཡོད།
          1965ལོ་ནས་1978ལོ་བར་རང་ལྗོངས་ཀྱིས་ཞིང་འབྲོག་པར“གཞན་རྟེན་རྣམ་པའི”དབུལ་སྐྱོར་བྱས་ནས་ཐོན་སྐྱེད་གོང་འཕེལ་བཏང་བས་དབུལ་པོ་སེལ་བའི་ཐད་ཕན་འབྲས་སྔར་བས་མངོན་གསལ་དོད་པོ་ཐོབ་ཡོད།
          སྒྱུར་བཅོས་སྒོ་དབྱེའི་དུས་འགོར་རང་རྒྱལ་འདི་ཉིད་ཐོན་སྐྱེད་རྣམ་པའི་དབུལ་སྐྱོར་དུས་མཚམས་སུ་གནས་ཡོད་ཅིང་། 1984ལོར་ཕྱོགས་ཡོངས་ནས་སྒྲིག་འཛུགས་ཡོད་པ་དང་འཆར་གཞི་ཡོད་པའི“གཏན་འཁེལ་བཞིའི”དབུལ་སྐྱོར་བྱ་སྤྱོད་སྤེལ་ཡོད། 1990ལོར་ཀྲུང་དབྱང་གིས“གཙང་པོ་གཅིག་དང་ཆུ་བོ་གཉིས”དབུས་རྒྱུད་རྒྱུག་ཁུལ་གྱི་ཕྱོགས་བསྡུས་གསར་སྤེལ་དང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་བྱ་རྒྱུར་ཆོག་མཆན་སྤྲད་པ་དེས་རང་ལྗོངས་ཀྱི་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཐོན་སྐྱེད་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། སྐབས་དེར་དབུལ་པོ་དབུལ་རྐྱང་ཡིན་པའི་མི་གྲངས་བསྡོམས་འབོར་དེ་1978ལོའི་ཁྲི་81ནས་1994ལོའི་ཁྲི་48བར་ཆག་ཡོད།
          1994ལོར་རང་ལྗོངས་ཀྱིས་འཆར་གཞི་ཡོད་པ་དང་། སྒྲིག་འཛུགས་ཡོད་པ། གཞི་ཁྱོན་ཡོད་པ། དམིགས་ཚད་ཡོད་པ་བཅས་ཀྱི་དབུལ་སྐྱོར་གསར་སྤེལ་ལག་ལེན་བསྟར་འགོ་བཙུགས་ཡོད། དུས་དེ་ནས་བཟུང་དབུལ་སྐྱོར་གྱི་ཚད་གཞི་སྔ་རྗེས་སུ་ཐེངས་བཞི་མཐོ་རུ་བཏང་བ་སྟེ། 1994ལོར《བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྐྱོར་འགག་སྒྲོལ་གྱི་འཆར་གཞི》བཟོས་ཏེ་དེའི་ནང་ཞིང་ཁུལ་དུ་སྒོར་600དང་། འབྲོག་ཁུལ་དུ་སྒོར་700 ས་མ་འབྲོག་ཁུལ་དུ་སྒོར་650བཅས་ཡིན་པའི་དབུལ་སྐྱོར་ཚད་གཞི་གཏན་འཁེལ་བྱས་པ་དང་སྐབས་དེར་ཞིང་འབྲོག་ཁུལ་དུ་ཞིང་འབྲོག་པ་དབུལ་པོ་ཁྲི་48ཡོད་པ་རེད།
          2001ལོར་རང་སྐྱོང་ལྗོངས་ཀྱིས་སྒོར་1300ཡི་དབུལ་སྐྱོར་ཚད་གཞི་བཟོས་ཏེ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་1300ལས་དམའ་བའི་ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོ་ཁྲི་148ཡོད་པ་དེ་དག་གཙོ་གནད་དབུལ་སྐྱོར་བྱ་ཡུལ་དུ་བརྩིས་ཏེ། དམིགས་ས་ཡོད་པའི་སྒོ་ནས་དབུལ་སྐྱོར་ས་ཚིགས་བསྐྲུན་པ་དང་གྲུམ་བུ་ཚིགས་ཆེན་ནད་ཕོག་ཁུལ་གྱི་མང་ཚོགས་གནས་སྤོ་བྱས་ནས། གནས་སྤོས་མང་ཚོགས་ཀྱི་སྡོད་ཁང་དང་། ཐོན་སྐྱེད། འཚོ་བ་བཅས་ཀྱི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་བཅོས་བྱས་ཡོད།
          2006ལོར་རང་ལྗོངས་ཀྱི་དབུལ་སྐྱོར་ཚད་གཞི་སྒོར་1700བར་ལེགས་སྒྲིག་བྱས་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་1700ལས་དམའ་བའི་ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོ་ཁྲི་96.4ཡོད་པ་དེ་དག་དབུལ་སྐྱོར་གྱི་ཁྱབ་ཁོངས་ནང་བཅུག་པ་དང་། ལྗོངས་ཡོངས་སུ་དབུལ་སྐྱོར་གསར་སྤེལ་གྱི་མ་དངུལ་སྣ་ཚོགས་ཁྱོན་སྒོར་དུང་ཕྱུར་25.21བཏང་བ་མ་ཟད། “ཤང་ཧྲིལ་པོར་སྐུལ་གཏོང་དང་། ཁྱད་ལྡན་ཐོན་ལས། གནས་གཏན་འཁེལ་གྱི་དབུལ་སྐྱོར། མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་དབུལ་སྐྱོར། མཐའ་མཚམས་ས་ཁུལ་གྱི་དབུལ་སྐྱོར”བཅས་ནང་དོན་གཙོ་བོར་བྱས་པའི་དབུལ་སྐྱོར་གསར་སྤེལ་གྱི་ལག་ལེན་བྱེད་སྒོ་སྤེལ་ཡོད།
          2012ལོར་རང་ལྗོངས་ཀྱིས་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་2300དབུལ་སྐྱོར་གྱི་ཚད་གཞི་གསར་པར་བརྩིས་ཏེ། ཡིག་ཚགས་དང་གཱ་བཟོས་པའི་ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོ་ཁྲི་117ལ་འཆར་གཞི་དང་སྒྲིག་འཛུགས་ཡོད་པའི་སྒོ་ནས་གསར་སྤེལ་རྣམ་པའི་དབུལ་སྐྱོར་བྱས་ཏེ་གཏོང་ཆ་གཏོང་ཤུགས་མངོན་གསལ་དོད་པོས་ཆེ་རུ་བཏང་ཡོད།
          2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་དུ་སླེབས་པའི་དམིགས་ཚད་འགྲུབ་ཆེད། རང་སྐྱོང་ལྗོངས་ཀྱིས་2011ལོ་དང་2016ལོ་སོ་སོར《〈ཀྲུང་གོའི་གྲོང་གསེབ་དབུལ་སྐྱོར་གསར་སྤེལ་གྱི་རྩ་གནད(2011ནས་2020ལོ་བར)〉ལག་བསྟར་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས》དང《དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར》བཟོས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་དུང་བརྡ་བསྒྲགས་པ་རེད།
          ལོ་69ལ་སླེབས་པའི་ཚེ་རིང་བཀྲ་ཤིས་ཀྱིས་ཆབ་མདོའི་འཕོ་འགྱུར་ཆེན་པོ་མིག་མཐོང་ལག་ཟིན་བྱུང་ཡོད། བོད་དུ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཚེ་རིང་བཀྲ་ཤིས་ཀྱི་ཕ་མས་ཞིང་བྲན་བདག་པོའི་གཉའ་གནོན་མྱངས་པ་དང་ཉིན་གང་ལས་ཀ་བྱས་ཀྱང་རྩམ་པ་ཕོར་པ་ཆུང་ངུ་གཉིས་ལས་མི་སྤྲོད་པའི་ཁར་ལྷམ་ངོ་དྲག་པ་ཞིག་ཀྱང་གྱོན་རྒྱུ་མེད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཁྱིམ་གྱི་མི་གྲངས་གཞིར་བཟུང་ས་ཞིང་མུའུ་གཉིས་དང་སྒོ་ཕྱུགས་རག་ནས་ལྟོ་གོས་ཀྱི་གནད་དོན་ཀྱང་ཐག་གཅོད་ཐུབ་ཡོད།
2012ལོར་གྲོང་ཚོ་ཨུ་ལྷན་གྱི་འབོད་སྐུལ་འོག་ཚེ་རིང་བཀྲ་ཤིས་ཀྱིས་སྤྱི་ལེ་12ཀྱི་རི་འདབས་གནས་པའི་ས་ཕག་གི་ཁང་པ་ཐབས་ཆག་དེ་ནས་སྤོས་ཡོད། རྒྱལ་ཁབ་ཀྱིས་ཁ་གསབ་སྒོར་ཁྲི་2སྤྲད་པ་དང་གྲོང་ཚོས་རིན་མེད་ངང་རྡོ་སེག་མཁོ་འདོན་བྱས་ཏེ་ཁོང་ལ་རྒྱ་ཁྱོན་སྨི་ངོས་གྲུ་250ཡོད་པའི་བོད་བཟོའི་སྤྲོ་ཁང་ཞིག་བརྒྱབ་རོགས་བྱས་ཡོད།
          ཉེ་བའི་ལོ་ཤས་རིང་། ཆབ་མདོའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་ནས་ལས་ཞུགས་ཀྱི་གོ་སྐབས་བཟང་པོའང་མང་པོ་བསྐྲུན་ཡོད། ཚེ་རིང་བཀྲ་ཤིས་ཀྱི་ལོ་31ལ་སླེབས་པའི་ཕྲུ་གུ་བུ་དགའ་ཡིས་ལས་ཡུལ་དུ་ལྡུག་འཁོར་བཏང་བར་ཟླ་རེར་ཡོང་འབབ་སྒོར་7000ཡོད། ཁོང་གི་ལོ་38ལ་སླེབས་པའི་བུ་སྟོབས་རྒྱལ་གྱིས་ཁང་པ་མཛེས་བཟོའི་ལས་ཀ་བྱེད་ཀྱི་ཡོད་པས་སྒོར་ཁྲི་11བཏང་ནས་ཁྱིམ་ལ་མཛེས་བཟོ་བྱས་པ་མ་ཟད། ལས་ཀ་རྒྱུན་ཆད་རྒྱུ་མེད་པས་ད་དུང་སྒོར་2700བཏང་ནས་རྒན་རྒོན་ལ་སྡེབ་སྒྲིག་སྒྲ་སྐྱེད་འཕྲུལ་འཁོར་ཞིག་ཉོས་ཡོད།
          རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས“ལོ་ལྔ་ཚན་བཅུ་གཉིས”པའི་དབུལ་སྐྱོར་འགག་སྒྲོལ་གྱི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་རྨང་གཞིའི་ཐོག བོད་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་ས་ཁུལ་དབུལ་པོ་འབའ་ཞིག་ཡིན་པའི་གཞི་རྩའི་ལྗོངས་བབ་ལ་གཞི་ཚུགས་པ་དང་། དབུལ་སྒྲོལ་འགག་སྒྲོལ་དེ་དོན་ཆེན་ཨང་དང་པོ་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩི་བ། དབུལ་སྒྲོལ་འགག་སྒྲོལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་མཛད་ཇུས་མཐའ་འཁྱོངས་བཅས་ལ་བརྟེན་ནས“སུ་ལ་རོགས་སྐྱོར་བྱེད་པ་དང་། སུས་རོགས་སྐྱོར་བྱེད་པ། གང་འདྲ་བྱས་ཏེ་རོགས་སྐྱོར་བྱེད་པ། གང་འདྲ་བྱས་ཏེ་དབུལ་སྒྲོལ་ཐུབ་པར་བྱེད་པ”བཅས་ཀྱི་གནད་དོན་གལ་ཆེན་ཕྱོགས་ཡོངས་ནས་ཐག་གཅོད་བྱས་ཡོད།
          འབད་འཐབ་ལྷོད་མེད་བྱས་པ་བརྒྱུད་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཆེན་པོ་བྱུང་ཡོད། 2016ལོ་དང་། 2017ལོ། 2018ལོ་བཅས་ལོ་གསུམ་བསྟུད་མར་རང་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་ཞིབ་དཔྱད་ནང“ཕྱོགས་བསྡུས་ཀྱི་གདེང་འཇོག་ཡག་པའི”གྲས་སུ་བདམས་ཐོན་བྱུང་ཡོད། ལོ་གསུམ་རིང་ལྗོངས་ཡོངས་ཀྱིས་རིམ་རྩིས་བྱས་ན་རྫོང་དང་ཆུས་དབུལ་པོ་55དབུལ་སྒྲོལ་བྱས་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་47.8དབུལ་སྒྲོལ་བྱས་པ། 2018ལོའི་ལོ་མཇུག་ཏུ་སླེབས་སྐབས་མི་འབོར་དབུལ་པོ་ཁྲི་15བར་ཉུང་དུ་སོང་ནས་གྲོང་གསེབ་ཀྱི་མི་འབོར་དབུལ་པོས་ཞིང་འབྲོག་ཁུལ་གྱི་མི་འབོར་ཁྲོད་བཟུང་བའི་བསྡུར་ཚད་6%མན་ཆག་ཡོད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཤིན་ཏུ་དབུལ་བའི་ས་ཁུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་དམིགས་ཏེ། བློ་བརྟན་འགྱུར་མེད་ངང་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་པ་དང་། “གནད་སྨིན་དྲུག”དང“ཁག་ཐེངས་ལྔ”ཡི་བླང་བྱར་གཞིགས་ཏེ། “ཟས་གོས་ལ་སེམས་ཁྲལ་མེད་པ་དང་། འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་ལ་འགན་ལེན་ཡོད་པའི”དམིགས་ཚད་ལ་དམ་པོར་དམིགས་ནས་འགག་སྒྲོལ་ནུས་ལྡན་ཡོང་བར་བྱས་ཡོད།
          “2019ལོའི་ཟླ་6པའི་ཟླ་མཇུག་ཏུ་རང་ལྗོངས་ཀྱིས་ཐོན་ལས་བརྒྱུད་རིམ་རྩིས་བྱས་ན་མི་ཁྲི་22.09དབུལ་སྒྲོལ་བྱས་པ་དང་། སྣོད་བཅུད་ཀྱི་ལས་གནས་ཁྱོན་ཁྲི་65.5བཀོད་སྒྲིག་བྱས་པ། སློབ་གསོའི་དབུལ་སྐྱོར་མི་ཁྲི་5.66ལ་ཁྱབ་པར་བྱས་ཡོད། ལོ་སྟོད་དུ་མི་ཁྲི་2.8ལས་ཞུགས་གཞན་སྒྱུར་བྱས་པའི་ཁྲོད། རྩལ་ནུས་གསོ་སྦྱོང་ལ་བརྟེན་ནས་མི་5800ལས་ཞུགས་ཐུབ་ཡོད”ཅེས་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་གཞུང་ལས་ཁང་གི་སྐོར་གཟིགས་པ་གཞོན་པ་ལིའུ་ཧྥུང་གིས་ངོ་སྤྲོད་བྱས།
          གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་སྔར་རྒྱུན་བཞིན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། རྒྱལ་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་ཚོགས་འདུ་དང“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་དབུལ་སྒྲོལ་འགག་སྒྲོལ་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་གྲོང་གསེབ་ཀྱི་ལས་དོན་ཚོགས་འདུ་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཤིན་ཏུ་དབུལ་བའི་ས་ཁུལ་དང་མི་འབོར་དབུལ་པོར་དམིགས་པ། ལོ་འཁོར་མོའི་དམིགས་ཚད་ལས་འགན་ལ་དམིགས་པ། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ཡོང་བར་བྱེད་རིང་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ། ཐོན་ཁུངས་བསྡུ་སྒྲིལ་དང་མཉམ་ཤུགས་གཅིག་སྒྲིལ་བྱེད་པ། ཞན་ཆ་གསབ་པ་དང་འཇུར་མིག་མེད་པར་བཟོ་བ། ད་ཡོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་དང་མཐོ་རུ་གཏོང་བ། མི་འབོར་དབུལ་པོ་དབུལ་པོ་བསྐྱར་ལོག་དང་ཡོང་འབབ་ཉུང་བའི་ཚོགས་སྤྱིའི་རོགས་སྐྱོར་སྲིད་ཇུས་ཉུང་བ་སོགས་ཀྱི་གནད་དོན་གསར་པ་ཉུང་དུ་གཏོང་བ་དང་མི་ལྷག་པ་བྱེད་པ། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་འཕེལ་རྒྱས་ཀྱི་ངར་ཤུགས་འཕེལ་བར་བྱེད་པ། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ། རྫོང་དང་ཆུས་དབུལ་པོ་19དབུལ་སྒྲོལ་དང་མི་འབོར་དབུལ་པོ་ཁྲི་15དབུལ་སྒྲོལ་ཡོང་ཐབས་བྱེད་པ། དབུལ་པོར་འགྱུར་ཚད་3%མན་ཆག་པར་བྱེད་པ་བཅས་ལ་བརྟེན་ནས་འདི་ལོའི་ལོ་མཇུག་ཏུ་མ་སླེབས་གོང་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་རེད།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005