གནས་ཡུལ། མདུན་ངོས། གསར་འགྱུར།
 
 
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
སྤེལ་དུས།2019-10-28   ཡོང་ཁུངས་།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་པ་པོ། བསོད་ནམས་དབང་འདུས་ཀྱིས་བསྒྲིགས།
ཐུབ་བསྟན་ཚེ་རིང་གིས“ཧི་མ་ལ་ཡ་བརྒལ་བའི་མཛའ་གྲོགས་ཕོ་ཉ”བྱེད་འདོད་འདུག་ཅེས་བརྗོད་པ།
        འདི་ལོའི་ཟླ་9པའི་ཟླ་མཇུག་ཏུ་གཉེར་བའི་ཀྲུང་གོས་རོགས་སྐྲུན་བྱས་པའི་ནེ་པ་ལའི་ཧྲ་ལ་གཞུང་ལམ་གྱི་རྣམ་གྲངས་ལས་འགོ་ཚུགས་པའི་མཛད་སྒོའི་ཐོག་ལོ་55ལ་སླེབས་པའི་དབུ་སྐྲ་སྐྱ་ཕྱེད་སྔོ་ཕྱེད་ཀྱི་བོད་རིགས་སྐྱེས་པ་ཞིག་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཅིང་། ཁོང་གིས་བོད་སྐད་དང་། རྒྱ་སྐད། དབྱིན་སྐད། བལ་པོའི་སྐད་བཅས་སྐད་རིགས་བཞི་ཆུ་རྒྱུག་རྒྱུག་རྒྱག་ཤེས་པས་གང་སར་སྐད་སྒྱུར་ལས་ལ་བྲེལ་བའི་ཕོ་ཉ་ཞིག་དང་འདྲ་བར་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་ལས་མིའི་དབར་སྤེལ་རེས་ཀྱི་འབྲེལ་ཟམ་ཞིག་བསྐྲུན་ཡོད་པ་རེད།
        ཁོང་གི་མིང་ལ་ཐུབ་བསྟན་ཚེ་རིང་ཟེར་བ་དང་། ད་ལྟ་བོད་རང་སྐྱོང་ལྗོངས་མཐའ་མཚམས་ཚོང་དོན་ཚོགས་པའི་ཚོགས་གཙོ་གཞོན་པའི་འགན་འཁུར་མུས་ཡིན་ཞིང་། ཁོང་གིས་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི“མཛའ་གྲོགས་ཀྱི་ཕོ་ཉ”བྱས་ནས་ལོ་30ལྷག་ཙམ་སོང་ཡོད། ད་ཆ། ཁོང་གི་སྐད་འཕྲིན་དུ་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་ཚོང་པ་དང་སྲིད་འཛིན་ལས་དོན་པས་ཁོང་ལ་ཀྲུང་ནེའི་ཚོང་དོན་དང་རིག་གནས་སྤེལ་རེས་ཀྱི་སྐོར་དྲིས་པ་མཐོང་རྒྱུ་ཡོད་པ་དང་། ཁོང་གིས་དེ་དག་ལ་སུན་སྣང་མེད་པར་ལན་གསལ་པོ་བརྒྱབ་ཡོད་པ་རེད།
        1964ལོར། ཐུབ་བསྟན་ཚེ་རིང་ལྷ་སར་སྐྱེས་པ་དང་། དུས་རབས་གོང་མའི་ལོ་རབས་80པའི་དུས་འགོར། སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་དང་བསྟུན་ནས་ཁོང་གིས་པེ་ཅིང་ཕྱི་ཕྱོགས་ཚོང་དོན་སློབ་གྲྭར་ཡིག་རྒྱུགས་བཏང་ནས་རྒྱལ་སྤྱིའི་ཚོང་དོན་ཆེད་ལས་ཞིབ་འཇུག་སློབ་ཚན་སློབ་སྦྱོང་བྱས། སློབ་གྲྭ་ཐོན་རྗེས། བོད་རང་སྐྱོང་ལྗོངས་ཕྱི་ཕྱོགས་ཚོང་དོན་ཀུང་སིར་ལས་ཀ་བྱས་པ་དང་། 1988ལོར། དབྱིན་ཡིག་རྨང་གཞི་ཡག་པའི་ཐུབ་བསྟན་ཚེ་རིང་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་གནས་པའི་ཐེ་ལི་པུ་ཝུན་སློབ་ཆེན་དུ་ནེ་པ་ལའི་སྐད་ཡིག་སྦྱོང་བར་མངགས་པ་རེད།
        1992ལོར། ཐུབ་བསྟན་ཚེ་རིང་གིས་སྦྱངས་འབྲས་ལེགས་པོ་བླངས་ནས་ཀྲུང་གོར་ལོག་རྗེས། ཀུང་སི་དེའི་ཕྱིར་གཏོང་ནང་འདྲེན་གྱི་ལས་སྒོར་ཧུར་ཐག་གཞོལ་བ་དང་ཆབས་ཅིག་ལྷ་ས་དང་། གཞིས་རྩེ། མངའ་རིས་སོགས་ས་ཆའི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་ཕྱིར་གཏོང་ཚོང་དོན་ལས་དོན་སྤེལ་རོགས་བྱས་པ་རེད། ནེ་པ་ལའི་ཚོང་མགྲོན་ལ་འབྲེལ་བ་བྱེད་པ་དང་གན་རྒྱ་བཞག་པ་ནས་ཐོན་རྫས་སྤུས་ཚད་གྱི་ཚད་གཞི་སྦྲེལ་མཐུད་དང་འཐུམ་སྒྲིལ་སྐོར་སྐད་སྒྱུར་བྱེད་པའི་བར། ཐུབ་བསྟན་ཚེ་རིང་གིས་དོན་དག་ཆེ་ཆུང་ལ་མ་བལྟོས་པར་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཕྱི་རྒྱལ་དུ་འགྲེམས་ཚོང་བྱེད་པར་རོགས་རམ་བྱས་ཡོད་པ་རེད། ད་ཆ། མངའ་རིས་ཀྱི་ཁུ་ལུའི་ཐོན་རྫས་དང་གཞིས་རྩེའི་ནས་ཀྱི་ཐོན་རྫས་སོགས་ནེ་པ་ལའི་མི་རྣམས་ཀྱི་རྒྱུན་གཏན་འཚོ་བར་སྤྱོད་འགོ་ཚུགས་ཡོད་པ་རེད། དེ་དང་ཆབས་ཅིག ད་དུང་ཐུབ་བསྟན་ཚེ་རིང་གིས་ནེ་པ་ལའི་ཁྱད་ལྡན་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། 2018ལོའི་ཟླ་9ཚེས་7ཉིན་ནས་ཚེས་11བར་བོད་ལྗོངས་འགྲེམས་ཚོགས་སྐབས་བཞི་པ་ལྷ་སར་གཉེར་བ་རེད། བོད་དུ་འགྲེམས་ཚོགས་ལ་ཞུགས་པའི་ནེ་པ་ལའི་དངོས་ཟོག་སྔ་ས་ནས་རླངས་འཁོར་དུ་བླུགས་ནས་སྐམ་ལམ་བརྒྱུད་ལྷ་སར་དབོར་འགོ་ཚུགས་པ་རེད། ཡིན་ནའང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་སུ་རྟག་ཏུ་ཆར་པ་བབས་པས་རི་ཉིལ་བ་དང་། ས་རྡོ་རིལ་བ། འདམ་རྡོའི་ཆུ་རུད་ཐོན་པ་བཅས་ཀྱིས་རླངས་འཁོར་ཤར་གཏོང་ལ་དཀའ་ཚེགས་ཆེན་པོ་ཕྲད་ཡོད་པ་རེད། ཟླ་9ཚེས་4ཉིན་བར་ད་དུང་ལམ་རྦད་དེ་ཤར་གཏོང་ཐུབ་མེད་པ་དང་བོད་ལྗོངས་འགྲེམས་ཚོགས་འགོ་ཚུགས་པར་ཉིན་3ལས་མེད།
        ཟླ་9ཚེས་4ཉིན་གྱི་ཐོ་རེངས་ཆུ་ཚོད་3པར། ཐུབ་བསྟན་ཚེ་རིང་ལ་འབྲེལ་ཡོད་འགན་ཁུར་བའི་ཁ་པར་འབྱོར་ནས། ཁོང་ཀྲུང་ནེའི་མཐའ་མཚམས་སུ་ནེ་པ་ལའི་དངོས་ཟོག་དབོར་འདྲེན་དོན་ལ་འབྲེལ་གཏུག་མཐུན་སྦྱོར་བྱེད་པར་གདན་དྲངས་པ་རེད། ཐུབ་བསྟན་ཚེ་རིང་གིས་འཕྲལ་མར་དང་ལེན་ཞུས་ནས་ལྷ་ས་ནས་ཐོན། ཚེས་4ཉིན་གྱི་ཉིན་དགུང་། ཐུབ་བསྟན་ཚེ་རིང་ཀྲུང་ནེའི་མཐའ་མཚམས་སུ་འབྱོར་བ་དང་། ལྟོ་ཆས་ཟ་ལོང་མེད་པར་འཕྲལ་དུ་ནེ་པ་ལར་དངོས་ཟོག་བརྒྱུད་འདྲེན་ལས་དོན་མཐུན་སྦྱོར་དང་སྒྲིག་འཛུགས་བྱེད་འགོ་ཚུགས་པ་རེད། དེ་ཉིན་གྱི་དགོང་མོའི་ཆུ་ཚོད་7པའི་མཚམས་སུ་དངོས་ཟོག་ཚང་མ་བརྒྱུད་འདྲེན་བདེ་བླག་ཐུབ་པ་དང་། ཐུབ་བསྟན་ཚེ་རིང་སླར་ཡང་དངོས་ཟོག་འགག་སྒྲོལ་སྙན་ཞུ་དང་ཀྲུང་གོའི་ས་ཁོངས་སུ་དབོར་བའི་དོན་དག་སྒྲུབ་པར་ཞུགས་པ་རེད། ཚེས་4ཉིན་གྱི་དགོང་མོའི་ཆུ་ཚོད་12སྐབས། འགྲོ་ལུགས་ཚང་མ་གཉེར་ཚར་བ་དང་། འགྲེམས་ཚོགས་ལ་ཞུགས་པའི་ནེ་པ་ལའི་དངོས་ཟོག་ཚང་མ་བདེ་བླག་ངང་ལྷ་སར་དབོར་འགོ་ཚུགས་པ་རེད།
ཉེ་ལམ་ལོ་ཤས་རིང་། ནེ་པ་ལ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཧུར་ཐག་ཞུགས་པ་དང་བསྟུན། ཐུབ་བསྟན་ཚེ་རིང་ཡང་དེར་ཧུར་ཐག་ཞུགས་ནས“ཧི་མ་ལ་ཡ་བརྒལ་བའི་མཛའ་གྲོགས་ཀྱི་ཕོ་ཉ”དང་བླངས་ངང་བྱས་པ་དང་། ཁོང་གིས་རོགས་པ་བྱེད་དགོས་པའི་དོན་དག་ཡོད་ཚེ། དཀའ་ལས་ག་ཚོད་ཆེ་ཡང་དེར་ཧུར་ཐག་ཞུགས་ནས་འོས་འགན་གྱི་ཞབས་འདེགས་ཞུ་བཞིན་ཡོད་པ་རེད།
        “ད་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པ་ལར་རྒྱལ་དོན་འཚམས་འདྲི་གནང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་བཀོད་གནང་ཡོད་པས། ཀྲུང་ནེའི་ཧི་མ་ལ་ཡ་བརྒལ་བའི་མཛའ་གྲོགས་མཐོ་ཚད་གསར་པ་ཞིག་ཏུ་སྐུལ་མ་ཐེབས་ངེས་རེད”ཅེས་ཐུབ་བསྟན་ཚེ་རིང་གིས་སྤོབས་སེམས་ཆེན་པོའི་ངང་བརྗོད་པ་དང་། ཁོང་གིས“ང་རང་ལོ་ན་མཐོ་པོ་ཡིན་རུང་། ནུས་པས་ལྕོགས་ཚོད་ཀྱིས་ལས་ཀ་ཧུར་ཐག་བྱས་ནས་ཀྲུང་ནེའི་མཛའ་གྲོགས་རི་བོ་ཧི་མ་ལ་ཡ་བཞིན་བརྟན་པོར་གནས་པ་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005