གནས་ཡུལ། མདུན་ངོས། གསར་འགྱུར།
 
 
ཝུའུ་དབྱིང་ཅེས་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་དང་མཉམ་སྡེབ་བཀའ་མོལ་གནང་བ།
སྤེལ་དུས།2019-12-09   ཡོང་ཁུངས་།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་པ་པོ། སྣང་རྡོས་བསྒྲིགས།
        ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་དང་མཉམ་སྡེབ་བཀའ་མོལ་གནང་ཞིང་། ཁོང་གིས་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་བཀའ་དྲིན་བློ་ལ་བརྟན་པོར་བཅངས་བ་དང་། རང་ཉིད་ལ་བླང་བྱ་ནན་པོ་འདོན་པ། སློབ་སྦྱོང་ནན་ཏན་དང་། རང་འགན་གཙང་སྒྲུབ། འབད་འབུངས་ཡར་བརྩོན། རང་གཅུན་ནན་པོ་བཅས་བྱས་ནས་ལས་གནས་གསར་པའི་ཐོག་རྣམ་པ་གསར་པ་མངོན་པ་དང་བྱས་རྗེས་གསར་པ་བཞག་སྟེ། བྱ་སྤྱོད་དངོས་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་རྩ་འཛུཌ་ཀྱི་ཡིད་ཆེས་དང་དགའ་གཅེས་ལ་དྲིན་ལན་འཇལ་དགོས་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པ་མཚོན་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
        ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་ཚོགས་འདུར་ཕེབས་པ་དང་སྦྲགས་ལྗོངས་ཏང་ཨུད་ཀྱི་ལས་གནས་བསྐོ་འཐེན་གྱི་གཏན་འབེབས་སྒྲོག་སྦྱངས་ཀྱང་གནང་བ་རེད།
        ཝུའུ་དབྱིང་ཅེས་ད་ཐེངས་ཚང་མའི་གོ་གནས་དང་འགན་རིམ་ལ་འགྱུར་ལྡོག་བྱུང་བ་ནི། རྩ་འཛུགས་ཀྱིས་ཚང་མའི་སྔོན་མའི་ལས་དོན་ལ་གདེང་འཇོག་གནང་བ་ཞིག་རེད་ལ། དེ་བས་སྐུལ་འདེད་དང་ལྕག་འདེབས་གནང་བ་ཞིག་ཀྱང་རེད། ཚང་མས་ཆབ་སྲིད་ཀྱི་ངེས་ཤུགས་ཟབ་ཏུ་གཏོང་བ་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོཌ་རིང་ལུཌ་ཀྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཐད་མིག་དཔེ་འདོན་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཐད་མིག་དཔེ་འདོན་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་མིག་དཔེ་འདོན་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
        ཝུའུ་དབྱིང་ཅེས་སློབ་སྦྱོང་ནི་ཏང་གཤིས་ཟབ་ཏུ་གཏོང་བ་དང་བྱང་ཚད་མཐོ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད། ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོཌ་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུར་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་པ་དང་། “མངོན་གསལ་དོད་པའི་ལེགས་ཆ་བཅུ་གསུམ”དང“མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅུ་གསུམ”དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་དང་རང་ལྗོངས་ཀྱི་ལས་སླ་པོར་བྱུང་བ་ཞིག་མིན་པའི་དུས་བབ་བཟང་པོའི་དབར་གྱི་འབྲེལ་བར་གོ་བ་གཏིང་ཟབ་ལེན་པ། ལམ་ལུགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ལག་བསྟར་དོན་འཁྱོལ་གྱི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
        ཝུའུ་དབྱིང་ཅེས། ཚང་མས་ངེས་པར་དུ་འགན་འཁྲི་འཁུར་རྒྱུར་ཤུགས་སྣོན་རྒྱག་པ་དང་། གནད་དོན་ཐག་གཅོད་བྱེད་མཁས་པོ་བྱས་ཏེ། མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱེད་དགོས་པ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”མུ་མཐུད་དར་སྤེལ་ཤུགས་ཆེན་བཏང་ནས་དུས་རྟག་ཏུ་གཞུང་དོན་ལ་གཞོལ་བ་དང་། རང་འགུལ་ངང་བྱས་རྗེས་བཞག་སྟེ། ལག་ལེན་དང་། ལོ་རྒྱུས། མི་དམངས་བཅས་ཀྱི་ཞིབ་དཔྱད་ཐུབ་པའི་ལས་རྗེས་གཏོད་དགོས་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་སྟེ། འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ཞན་ཆའི་གནད་དོན་དང་། འཕེལ་རྒྱས་དང་བརྟན་ལྷིང་ལ་ཚོད་འཛིན་བཟོ་བའི་འཇུར་མིག་གི་གནད་དོན། འཕེལ་རྒྱས་དང་བརྟན་ལྷིང་ལ་ཞབས་འདེགས་ཞུ་བའི་ཞན་ཆའི་གནད་དོན་བཅས་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པ། དུས་རྟག་ཏུ་ཏང་གི་སྒྲིག་ཡིག་དང་། སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས། རྩ་ཁྲིམས། བཅའ་ཁྲིམས། ཁྲིམས་སྲོལ། དཔའ་བོ་དཔེ་བཟང་གི་མིག་དཔེ། ལྡོག་ཕྱོགས་ཀྱི་དཔེ་མཚོན་སོགས་དང་བསྡུར་ནས་རང་སྐྱོན་རང་བརྟག་དང་། རང་ངོས་གཅུན་འདོམས། རང་ཉིད་ལ་ཉེན་བརྡ་གཏོང་བ། རང་ངོས་འཐུས་ཚང་བཅས་བྱེད་དགོས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལ་སྲུང་བརྩི་ནན་པོ་ཞུས་ཏེ། དཔོན་གཙང་མ་གཙང་རྐྱང་ཞིག་བྱེད་པ་དང་། མི་བདེན་པ་བདེན་ཐུབ་ཞིག་བྱེད་པ། ལས་དྲང་པོ་དྲང་གཞག་སྒྲུབ་པ་བཅས་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་དུས་རབས་ཀྱི་རྒྱུགས་ལན་ཞིག་འབུལ་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005