གནས་ཡུལ། མདུན་ངོས། གསར་འགྱུར།
 
 
ཁུང་ཧྥན་སེན་གྱིས་བོད་རིགས་དྭ་ཕྲུག་གསུམ་གསོས་པ།
སྤེལ་དུས།2019-12-09   ཡོང་ཁུངས་།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་པ་པོ། སྣང་རྡོས་བསྒྲིགས།
           “ཉི་མ་དང་ཟླ་བ་ཨ་མ་གཅིག་གི་བུ་མོ་རེད། ཁོང་ཚོའི་ཨ་མའི་མིང་ལ་འོད་ཟེར་ཟེར། བོད་རིགས་དང་རྒྱ་རིགས་ཨ་མ་གཅིག་གི་བུ་མོ་རེད། ཁོང་ཚོའི་ཨ་མའི་མིང་ལ་ཀྲུང་གོ་ཟེར”འདི་ནི་བོད་དུ་དར་ཁྱབ་ཤིན་ཏུ་ཆེ་བའི་གླུ་གཞས་ཤིག་ཡིན་པ་དང་། གླུ་གཞས་དེ་ཐོས་རིམ་བཞིན་ཁུང་ཧྥན་སེན་ལ་སོགས་པའི་བྱམས་བརྩེ་ཆེ་བའི་བཞིན་རས་མང་པོ་ཞིག་མི་རྣམས་ཀྱི་དྲན་པའི་ཡོལ་བར་འཆར་སྲིད། ཁུང་ཧྥན་སེན་གྱིས་བོད་རིགས་རྒན་རྒོན་མཐོང་རིམ་བཞིན་རང་ཉིད་ཀྱི་ཕ་མ་དྲན་པ་དང་། བོད་རིགས་ཕྲུ་གུ་མཐོང་རིམ་བཞིན་རང་ཉིད་ཀྱི་ཕྲུ་གུ་ཚོ་ཡིད་ལ་འཆར་གྱི་འདུག་ཅེས་གྲོགས་པོ་ཚོར་ཐེངས་མང་ཤོད་མྱོང་ཡོད། བོད་དུ་ལས་ཀ་བྱེད་རིང་ཁུང་ཧྥན་སེན་གྱིས་ཡིད་ལ་མང་ཚོགས་བཅངས་པ་དང་། ཁོང་དང་བོད་རིགས་མང་ཚོགས་དབར་མཛའ་གཅུགས་ཟབ་མོ་ཆགས་ཡོད། མང་ཚོགས་ཁྲོད་རྒྱ་རིགས“དཔོན་པོ་ལགས”ཁུང་ཧྥན་སེན་གྱིས་ཤ་ཁྲག་འདྲེས་པའི་སྤུན་ཟླ་ལྟར་བོད་རིགས་མང་ཚོགས་ལ་སེམས་ཁུར་དང་རོགས་རམ་བྱས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་ཞིག་མང་ཚོགས་ཀྱི་ངག་རྒྱུན་དུ་འཇགས།1992ལོར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་ས་ཡོམ་རིམ་པ་Ⅶབརྒྱབ་པ་དང་། སྐབས་དེ་དུས་དམངས་སྲིད་སྡེ་ཚན་དུ་དྭ་ཕྲུག་གསོ་ཉར་གྱི་ནུས་པ་ཞན་པས། སྐབས་དེ་དུས་ལྷ་ས་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པའི་འགན་འཁུར་བཞིན་པའི་ཁུང་ཧྥན་སེན་གནོད་འཚེ་ཕོག་ཁུལ་དུ་གནས་ཚུལ་ཤེས་རྟོགས་བྱེད་པར་སྐྱོད་སྐབས། ལོ་12ལ་སོན་པའི་ཆོས་ཉིད་དང་། ལོ་7ལ་སོན་པའི་ཆོས་དབྱིངས། ལོ་5ལ་སོན་པའི་ཀུན་བཟང་བཅས་ས་ཡོམ་ནང་ནང་མི་གྲོངས་པའི་བོད་རིགས་དྭ་ཕྲུག་གསུམ་ཡོད་པ་ཤེས་རྗེས་ཁོང་ཚོ་གསུམ་ལྷ་སར་ཁྲིད། ཁུང་ཧྥན་སེན་གྱིས་ཕྲུ་གུ་ཚོའི་འཚོ་བར་ལྟ་རྟོག་ཞིབ་ཚགས་བྱས་ནས། ཁོང་ཚོར་ཡི་གེ་འབྲི་སྟངས་སློབ་པ་དང་། ཁོང་ཚོའི་གྱོན་གོས་འཁྲུ་བ་དང་ཁ་ལག་བཟོ་བ་མ་ཟད། ཁོམ་པ་བྱུང་ཚད་ལ་ཁོང་ཚོ་སློབ་གྲྭར་བསུ་སྐྱེལ་གང་ཐུབ་བྱེད་ཀྱི་ཡོད། ཁུང་ཧྥན་སེན་གྱི་འཚོ་བ་བབ་ཆགས་ལ་ཁྱིམ་དུ་ཉལ་ཁྲི་ཆེན་པོ་གཅིག་ལས་མེད་པས། ཁོང་ཕྲུ་གུ་ཚོ་དང་མཉམ་དུ་ཉལ་ཁྲི་གཅིག་ལ་འཚང་ཁ་བརྒྱབ་ནས་ཉལ་ཏེ། ཁོང་ཚོར་སྒྲུང་ཤོད་པ་སོགས་བྱེད་ཀྱི་ཡོད།
           1992ལོའི་ལོ་མཇུག་ཏུ་ཁུང་ཧྥན་སེན་མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅིར་བསྐོ་གཞག་བྱས་པ་དང་། དྭ་ཕྲུག་གསུམ་གསོ་བའི་ཁུར་པོ་ཧ་ཅང་ལྕི་བས། སྐབས་དེ་དུས་ལྷ་ས་གྲོང་ཁྱེར་གྱི་གྲོང་སྤྱིའི་འགན་ཁུར་བཞིན་པའི་བློ་བཟང་དོན་གྲུབ་ཀྱིས་ཆོས་ཉིད་ཉར་བ་དང་། ཁུང་ཧྥན་སེན་གྱིས་ཀུན་བཟང་དང་ཆོས་དབྱིངས་མངའ་རིས་ལ་ཁྲིད། མངའ་རིས་སུ་ཁུང་ཧྥན་སེན་གྱི་ལས་འགན་ཧ་ཅང་ལྕི་པོ་ཡོད་པས། རྟག་ཏུ་གཤམ་སྐྱོད་དང་གཞུང་དོན་དུ་ཕྱིར་འགྲོ་དགོས་པས། ཁོང་གིས་ཕྲུ་གུ་གཉིས་སྒར་རྫོང་ཆ་ཚང་སློབ་ཆུང་དུ་ཞག་སྡོད་བྱེད་པར་བསྐྱལ། གཟའ་མཇུག་སླེབས་རིམ་བཞིན་ཁུང་ཧྥན་སེན་གྱིས་རྐང་འཁོར་བཞོན་ནས་སློབ་གྲྭར་ཕྲུ་གུ་གཉིས་བསུ་བར་སྐྱོད་ཀྱི་ཡོད། ད་ཆ་ཕྲུ་གུ་ཚང་མ་ན་སོ་དར་ལ་བབས་ནས་བོད་གསར་འཛུགས་སྐྲུན་པར་གྱུར་ཡོད།
           ཁུང་ཧྥན་སེན་གྱིས་ག་དུས་ཡིན་ཡང་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་དབུལ་པོར་སེར་སྣ་མེད་པར་རོགས་རམ་བྱེད་ཀྱི་ཡོད། ཁོང་རང་ཉིད་འབྲས་དང་ཚལ་བསྙལ་མའམ་ཆུ་འཁོལ་ལ་མོག་མོག་སྦངས་ནས་ཟ་གི་ཡོད། ཡིན་ཡང་ཁོང་གིས་ཕྲུ་གུ་ཚོ་རང་ཉིད་དང་འདྲ་བར་དཀའ་སྡུག་མྱོང་དུ་འཇུག་འདོད་མེད་པར། དེ་སྔ་ཁོང་གིས“བློ་གྲོས”ཀྱི་མིང་ཐོག་ནས་ཁྲག་ཐེངས་གསུམ་བཙོངས་བ་ལས་བྱུང་བའི་དངུལ་སྤྱད་དེ་ཕྲུ་གུ་ཚོར་འཚོ་བཅུད་གསབ་ཀྱི་ཡོད། ཁུང་ཧྥན་སེན་གྱིས་དེ་འདྲའི་འཚོ་བ་1994ལོའི་ཟླ་11ཚེས་29ཉིན་གཞུང་དོན་དུ་སྐུ་མ་གཤེཌ་བར་དུ་མཐའ་འཁྱོངས་བྱས།
           ཁུང་ཧྥན་སེན་གྱིས་ས་ཡོམ་ཁྲོད་ཀྱི་དྭ་ཕྲུག་གསོས་པ་ལས་བོད་རིགས་མང་ཚོགས་ཁྲི་སྟོང་མང་པོའི་སེམས་པ་དྲོ་སོབ་སོབ་བཟོས། ཁུང་ཧྥན་སེན་སྐུ་གཤེགས་ནས་ད་བར་བགྲང་བྱ་25འདས་ཟིན་མོད། ཁུང་ཧྥན་སེན་ཞེས་པའི་ཡིག་འབྲུ་གསུམ་པོ་ནི་དར་ཆ་ཞིག་དང་འདྲ་བར་ས་མཐོའི་ས་ཕྱོགས་གང་སར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་པ་དང་། སྐལ་བཟང་མེ་ཏོག་ཅིག་དང་འདྲ་བར་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྙིང་དབུས་སུ་རབ་ཏུ་བཞད་ལ། སེམས་མཐུན་མདུད་པ་ཞིག་དང་འདྲ་བར་བོད་རྒྱ་མང་ཚོགས་ཀྱི་སེམས་པ་གཅིག་ཏུ་སྦྲེལ་ཡོད།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005