གནས་ཡུལ། མདུན་ངོས། གསར་འགྱུར།
 
 
བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།
སྤེལ་དུས།2020-01-07   ཡོང་ཁུངས་།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་པ་པོ། སྣང་རྡོས་བསྒྲིགས།
        གསར་འགོད་པར་ཚེས་5ཉིན་འཚོགས་པའི་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་ཟླ་1ཚེས་7ཉིན་དང་ཟླ་1ཚེས་6ཉིན་སོ་སོར་ལྷ་སར་འཚོག་རྒྱུ་ཡིན་པ་དང་། མིག་སྔར་ཚོགས་འདུའི་གྲ་སྒྲིག་ལས་དོན་ཁག་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ་རེད།
        གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་གཞོན་པ་ལིན་ཆིང་ཀྲེ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དྲུང་ཆེ་གཞོན་པ་ཝུའུ་ཡུང་ཞང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ལས་འགན་གཙོ་བོ་དང་། ཉིན་རེའི་བཀོད་སྒྲིག གྲ་སྒྲིག་ལས་དོན་བཅས་ཀྱི་གནས་ཚུལ་སོ་སོར་བརྡ་ཁྱབ་བཏང་བ་རེད།
        ངོ་སྤྲོད་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུའི་ལོར་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད།
        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་རྒྱུ་དང་དེར་གྲོས་ཞིབ་གནང་རྒྱུ་དང་། རང་སྐྱོང་ལྗོངས་ཀྱི་2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་གྱི་སྙན་སྒྲོན་ལ་ཞིབ་བཤེར་གནང་རྒྱུ་དང་དེར་ཆོག་མཆན་གནང་རྒྱུ་དང་རང་སྐྱོང་ལྗོངས་ཀྱི་2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིར་ཆོག་མཆན་གནང་རྒྱུ། རང་སྐྱོང་ལྗོངས་ཀྱི་2019ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2020ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན་ལ་ཞིབ་བཤེར་གནང་རྒྱུ་དང་དེར་ཆོག་མཆན་གནང་རྒྱུ་དང་རང་སྐྱོང་ལྗོངས་ཀྱི་2020ལོའི་ནོར་སྲིད་སྔོན་རྩིས་ལ་ཆོག་མཆན་གནང་རྒྱུ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གསན་རྒྱུ་དང་དེར་གྲོས་ཞིབ་གནང་རྒྱུ། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་གསན་རྒྱུ་དང་དེར་གྲོས་ཞིབ་གནང་རྒྱུ། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གསན་རྒྱུ་དང་དེར་གྲོས་ཞིབ་གནང་རྒྱུ། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ལྗོངས་གཏོད་པའི་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ་གནང་རྒྱུ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གསབ་འདེམས་གནང་རྒྱུ། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གསབ་འདེམས་གནང་རྒྱུ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གྱི་འོས་མིར་གྲོས་འཆམ་གནང་རྒྱུ་བཅས་རེད།
        《རྩ་ཁྲིམས་དམ་འཇོག་ལམ་ལུགས་ལག་ལེན་བསྟར་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》དང《བོད་རང་སྐྱོང་ལྗོངས་ཀྱི་རྩ་ཁྲིམས་དམ་འཇོག་ལམ་ལུགས་ལག་བསྟར་བྱ་ཐབས》གཞིར་བཟུང་། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཚོགས་ཆེན་ཐོག་གསབ་འདེམས་བྱ་རྒྱུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་དེ་བཞིན་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བའི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣས་རྩ་ཁྲིམས་དམ་འཇོག་གནང་རྒྱུ་རེད།
        འདི་ལོའི་མི་དམངས་འཐུས་མི་ཚོགས་ཆེན་ལ་གསར་གཏོད་ཀྱི་བཀྲག་མདངས་འཚེར་ས་གང་དག་ཡོད་པའི་སྐོར་གླེང་སྐབས། ལིན་ཆིང་ཀྲེ་ཡིས་གསུངས་དོན། སྔ་ལོ་དང་བསྡུར་ན། འདི་ལོའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག“སྙན་སྒྲོན་ཆེ་གྲས་དྲུག”གསན་རྒྱུ་དང་དེར་གྲོས་ཞིབ་གནང་རྒྱུ་དང་འདེམས་བསྐོའི་དོན་གནད་སྒྲིག་འཛུགས་གནང་རྒྱུ་ཕུད། ད་དུང《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ལྗོངས་གཏོད་པའི་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ་ཀྱང་གནང་རྒྱུ་རེད། དེ་ནི་ལོ་གསུམ་ཀྱི་རྗེས་སུ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཁྲིམས་སྲོལ་གྲོས་གཞིར་སླར་ཡང་གྲོས་ཞིབ་གནང་རྒྱུར་ཕུལ་བ་ཞིག་རེད། སྲོལ་ཡིག་དེར་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་རྗེས་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། འདྲ་མཉམ་མཐུན་སྒྲིལ་རོགས་རེས་ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ཏེ། བོད་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ལྗོངས་ཤིག་ཏུ་གཏོད་རྒྱུར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་ཐུབ་རྒྱུ་རེད།
        བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གསན་རྒྱུ་དང་། སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་གསན་རྒྱུ། བོད་རང་སྐྱོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་ཟུར་ཞུགས་གནང་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་འབྲེལ་ཡོད་སྙན་སྒྲོན་གཞན་དག་གསན་རྒྱུ་དང་དེར་གྲོས་བསྡུར་གནང་རྒྱུ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གནང་རྒྱུ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་གྲོས་ཆོད་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་གནང་རྒྱུ། སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་གནང་རྒྱུ། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་གནང་རྒྱུ། མི་དོན་དོན་གནད་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་གནང་རྒྱུ་བཅས་རེད།
        2019ལོའི་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ལས་དོན་གཙོ་བོ་དང་བཀྲག་མདངས་འཚེར་ས་ངོ་སྤྲོད་གནང་སྐབས། ཝུའུ་ཡུང་ཞང་གིས། ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། དུས་རབས་གསར་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ཀྱི་ལས་དོན་ཚོགས་འདུ་ཐེངས་དང་པོ་དང་རང་སྐྱོང་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དུས་ཐོག་ཏུ་འཚོགས་ནས་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བློ་མཐུན་ཝུའུ་དབྱིང་ཅེ་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ། བོད་ལྗོངས་སྲིད་གྲོས་ཀྱི་ལོ་ངོ་60དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་མཉམ་དུ་ཕྱིར་དྲན་གནང་བ་དང་། དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ལས་དོན་གྱི་འཆར་གཞི་གསར་རྐྱང་མཉམ་དུ་བཀོད་ནས་དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་ཆེད་བསམ་ཕྱོགས་གསལ་བཟོ་དང་། བྱེད་ཐབས་ཞིབ་ཚགས། གཞི་འཛིན་ས་མཁོ་འདོན་བཅས་གནང་ཡོད།
        ལོ་གཅིག་གི་རིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་སྣེ་ཁྲིད་འོག སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་དད་སེམས་བརྟན་པོ་དང་ལྷག་བསམ་རྣམ་དག་གི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ་དང་། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་གཏོང་ཕན་ཚུན་སྦྲེལ་མཐུད་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ། ཇུས་འདོན་སྲིད་སྐྱོང་དང་ཐུན་མོང་ངོས་འཛིན་གཅིག་སྒྲིལ་ཕྱོགས་གཉིས་ནས་ཤུགས་རྒྱག་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་བཏོད་ཡོད།
        གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ལིན་ཆིང་ཀྲེ་དང་ཝུའུ་ཡུང་ཞང་གིས་ད་དུང་བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར་དང་རང་སྐྱོང་ལྗོངས་སྨྱན་སྦྱོར་གྱི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
        བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་འགན་འཁུར་བློ་མཐུན་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005