གནས་ཡུལ། མདུན་ངོས། གསར་འགྱུར།
 
 
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་འབྱེད་འགོ་ཚུགས་པ།
སྤེལ་དུས།2020-09-16   ཡོང་ཁུངས་།བོད་ལྗོངས་ཉིན་ཚགས།   རྩོམ་པ་པོ། སྣང་རྡོས་བསྒྲིགས།
          བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ཚུན། ཀྲུང་དབྱང་གིས་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་བཟོས་ནས། གངས་ལྗོངས་ས་མཐོར“དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི”མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་ཐོན་པར་སྐུལ་འདེད་བཏང་ཡོད།
          ཟླ་8ཚེས་28དང་ཚེས་29ཉིན། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་པེ་ཅིང་དུ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུའི་ཐོག དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་བོད་ལྗོངས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་མཛུབ་ཁྲིད་དགོངས་པར་ཕྱོགས་ཡོངས་ནས་རྒྱས་བཤད་གནང་བ་དང་། དུས་རབས་གསར་པའི་བོད་ལྗོངས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་གཏན་འཁེལ་གནང་སྟེ། དུས་རབས་གསར་པའི་བོད་ལྗོངས་ཀྱི་ལས་དོན་ཡག་པོ་སྒྲུབ་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་འཛུགས་སྐྲུན་བྱེད་ཆེད་ཤུགས་ཆེའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་དེ་བས་བསྣན་གནང་ཡོད།
          “ངེས་པར་དུ་དྲུག”ནས“ངེས་པར་དུ་བཅུའི”བར།
          མུ་ལ་མུ་སྦྲེལ་གྱི་རི་བོ་འགྱིང་ངེར་གནས་པ་དང་། ཆུ་བོ་མང་པོ་དྲག་ཏུ་རྒྱུགས་ཤིང་། གནམ་མཐའི་ལྐོག་གྱུར་གྱི་ཡུལ་གྲུ་དང་། ངོ་མཚར་ཆེ་བའི་ས་མཐོའི་ཡུལ་ལྗོངས་ལྟ་ན་སྡུག ཐུན་མོང་མ་ཡིན་པའི་རང་བྱུང་ཡུལ་ལྗོངས་དང་འོད་སྟོང་འཕྲོ་བའི་མི་རིགས་ཀྱི་རིག་གནས་ལ་བརྟེན་ནས་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཟིན་པའི་བོད་ལྗོངས་འདི་ཉིད་མེས་རྒྱལ་ལྷོ་ནུབ་མཐའ་མཚམས་ཀྱི་འོད་མདངས་བཀྲ་བའི་མུ་ཏིག་ལྟ་བུར་གྱུར་པས། འཛམ་གླིང་སྐྱེ་བོ་ཀུན་གྱི་ཡིད་དབང་འཕྲོག་བཞིན་ཡོད།
          བོད་ལྗོངས་དང་རྒྱལ་ཡོངས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་འདེད་གཏོང་ཆེད། ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ལྗོངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་རིམ་བྱུང་ཚང་མས་གནས་ཚུལ་དངོས་ལ་གཞིགས་ནས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གནང་ཡོད།
          “ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་བསྟུན་ནས། བོད་ལྗོངས་ཀྱི་ལས་དོན་ཡང་དུས་རབས་གསར་པར་སླེབས་ཡོད”ཅེས་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ཀན་ཧྲི་གཞོན་པ་ལན་ཤང་མིན་གྱིས་བརྗོད་པ་དང་། ཁོང་གིས། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་དང་བསྟུན། ཨེ་ཤེ་ཡ་ལྷོ་མའི་ས་འབྲེལ་ཆབ་སྲིད་ལ་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད་པ་དང་། རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འགག་རྩའི་དུས་སྐབས་སུ་གནས་པ་ལས། བོད་ལྗོངས་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་འགྱུར་ལྡོག་གཏིང་ཟབ་བྱུང་ཡོད། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ནི་དུས་བབ་གསར་པའི་འོག་ཟུར་ཚད་གསར་པའི་ཐོག་ནས་བོད་ལྗོངས་ཀྱི་ལས་དོན་ལ་འཆར་འགོད་གནང་བ་ཞིག་ཡིན་ཞེས་བརྗོད།
          ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ངེས་པར་དུ་བཅུ”ལ་བརྟེན་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་ཕྱོགས་ཡོངས་ནས་རྒྱས་བཤད་གནང་ཞིང་། ལན་ཤང་མིན་གྱིས། 2015ལོའི་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གི“ངེས་པར་དུ་དྲུག”ནས་ད་ཐེངས་ཀྱི“ངེས་པར་དུ་བཅུའི”བར་ནི་རང་རེའི་ཏང་གིས་བོད་ལྗོངས་ཀྱི་ལས་དོན་གྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་སྔར་བས་གཏིང་ཟབ་བྱས་པ་ལས་བྱུང་བ་ཞིག་ཡིན་པ་དང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་བོད་སྐྱོང་བོད་དར་གྱི་ལེགས་གྲུབ་ལྡན་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་གྲུབ་པ་ཞིག་ཡིན་ཞེས་བརྗོད།
          བོད་ལྗོངས་ཀྱི་ལས་དོན་གྱི་གཙོ་གནད་གསལ་འགྲེལ་བྱས་པ།
          བོད་ལྗོངས་སློབ་ཆེན་གྱི་སློབ་ཁུལ་རྙིང་པར་ལོ་57ལ་སླེབས་པའི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་སུའོ་ཡི་དགེ་རྒན་ཆེ་མོ་བ་ཚེ་བརྟན་བཀྲ་ཤིས་ཀྱིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཞིབ་འཇུག་རྟེན་གཞི”བརྟན་པོ་འཛུགས་ཆེད་ཡིག་ཐོག་སྙན་ཞུ་འབྲི་བའི་ལས་ལ་གཞོལ་བཞིན་ཡོད་པ་དང་། ལོ་བཅུ་ཕྲག་ཁ་ཤས་རིང་ཁོང་གིས་བོད་ལྗོངས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་གནང་ནས་བོད་ཀྱི་མཐོ་རིམ་སློབ་གསོའི་ལས་རིགས་ཀྱི“འབྲི་ཆུའི་མཁས་དབང”དང་པོར་གྱུར་ཡོད།
          “བོད་རིགས་ཀྱི་ལོ་རྒྱུས་ནི་བོད་མི་རིགས་དང་རང་རྒྱལ་གྱི་མི་རིགས་གཞན་དག་ཁག་དབར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཐུབ་པ་དང་། སྣ་མང་གཞི་གཅིག་གི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཤིག་ཡིན”ཞེས་ཚེ་བརྟན་བཀྲ་ཤིས་ཀྱིས་བརྗོད་པ་དང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག“བོད་ལྗོངས་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་སློབ་གསོ་གཏིང་ཟབ་སྤེལ་བ”དང“བོད་ལྗོངས་སུ་གནའ་སྔ་མོ་ནས་བཟུང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱེད་དགོས”ཞེས་བཏོན་གནང་བ་དེས། ལོ་རྒྱུས་མཁས་དབང་རྣམས་ལ་ཞིབ་འཇུག་བྱེད་གཞི་གསར་པ་ཞིག་བཏོན་ཡོད་ཅེས་བརྗོད།
          ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་བཙན་རྒྱལ་རིང་ལུགས་ཀྱི་ཕྱོགས་གཏོགས་བོད་ལྗོངས་ནས་མཐར་སྐྲོད་བཏང་སྟེ། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བ་དང་། དམངས་གཙོའི་བཅོས་སྒྱུར་བྱས་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོས་པས། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་དེ། ལས་དབང་ལ་ལོ་རྒྱུས་རང་བཞིན་གྱི་ཁ་ལོ་སྒྱུར་ཐུབ་པ་བྱུང་ཡོད། ཡིན་ནའང་ལོ་བཅུ་ཕྲག་ཁ་ཤས་རིང་། ཨ་རི་སོགས་ནུབ་ཕྱོགས་ཕྱོགས་གཏོགས་ཀྱི་འུད་སྒྲོག་འོག་བོད་ལྗོངས་སུ་དུས་ཡུན་རིང་པོའི་ནང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ལས་འགན་དཀའ་ཚེགས་ཆེན་པོ་འཕྲད་ཡོད།
          “མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི”བོད་ལྗོངས་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་འདིར་དམིགས་ནས། ད་ཐེངས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག“མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་པར་ཤུགས་སྣོན་རྒྱག་དགོས”དང་། “ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་དགོས”“སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོར་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་བྱེད་དགོས”“སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་དགོས”“བོད་ལྗོངས་སུ་གནའ་སྔ་མོ་ནས་བཟུང་མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱེད་དགོས”“བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས”བཅས་ཀྱི“བྱེད་དགོས་པ་དྲུག”བཏོན་ཡོད།
          བཅར་འདྲི་དང་ལེན་བྱེད་མཁན་རིགས་གཅིག་མཁས་ཅན་དང་མཁས་དབང་གིས། “བྱེད་དགོས་པ་དྲུག”གིས་བོད་ལྗོངས་ཀྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལས་དོན་ལ་ཤུགས་སྣོན་རྒྱག་པའི་དཀའ་གནད་དང་རྩ་བའི་གནད་དོན་ལ་ཐད་ཀར་དམིགས་ཡོད་པས། རེ་རེ་བཞིན་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། རྩ་ལག་མཉམ་བཅོས་ཀྱི་ནུས་པ་ཐོན་ངེས་ཡིན་པའི་ངོས་འཛིན་བྱས་པ་རེད།
          ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་གལ་ཆེན་ཁག་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ལས་ཞུགས་བསྡུ་ལེན་གྱི་ནུས་པ་སྐྱེད་སྲིང་དང་འདེགས་སྐྱོར་བྱེད་པ། ཆེད་ལས་ཀྱི་རྩལ་ནུས་ལྡན་པའི་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་པ་སོགས་ཀྱི་ཐད“བྱེད་དགོས་པ་ལྔའི”ཐབས་མཆོག་བཏོན་ཡོད།
          ས་གོ་ལའི“སྣེ་གསུམ་པ”ཡིན་པའི་ཆ་ནས། བོད་ལྗོངས་ནི་རང་རྒྱལ་དང་ཨེ་ཤེ་ཡའི་ཆུ་བོ་གྲགས་ཅན་མང་པོའི་ཆུ་འགོ་ཡིན་པས“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཅེས་བརྗོད་སྲོལ་ཡོད། སྣོད་བཅུད་ཀྱི་གནས་བབ་ཧ་ཅང་གལ་ཆེན་ཡིན་པས་རྒྱལ་ཁབ་ཀྱིས་བོད་ལྗོངས་ཀྱི་སྣོད་བཅུད་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད།
          ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་ཡིན”ཞེས་བསྟན་གནང་བ་དང་འབྲེལ། བོད་ལྗོངས་ཀྱི་སྣོད་བཅུད་སྲུང་སྐྱོང་ལས་དོན་ལ་དམིགས་ཚད་གསར་པ་གཏན་འཁེལ་གནང་བ་སྟེ། མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་གཏོད་རྒྱུ་དེ་རེད།
          “རྒྱབ་ཕྱོགས་ཀྱི་སེམས་ཁྲལ་གཉིས”ཀྱི་སེམས་ཁྲལ་བསལ་བ།
          བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་ངོས་སུ་ཆགས་ཤིང་། རི་མཐོ་ལ་ལམ་གཟར་བ་དང་། འགྲིམ་འགྲུལ་སྟབས་བདེ་པོ་མེད། འདི་ནི་རང་རྒྱལ་གྱི་མི་འབོར་ཉུང་ཤོས་དང་མི་རེའི་ཆ་སྙོམས་ས་ཁྱོན་ཆེ་ཤོས་ཀྱི་ཤང་ཞིག་རེད། དུས་རབས་གོང་མའི་དུས་ཡུན་རིང་པོ་ཞིག་ནང་། ཡུལ་སྨད་ཤང་དུ་སངས་རྒྱས་ཆོས་འཕགས་དུད་ཚང་གཅིག་ལས་མེད་པས“མི་གསུམ་ཤང”ཞེས་འབོད་ཀྱི་ཡོད། ལོ་བཅུ་ཕྲག་རིང་། སངས་རྒྱས་ཆོས་འཕགས་དང་། ཁོང་གི་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་གསུམ་གྱིས་ཡུལ་སྨད་དུ་མུ་མཐུད་བརྟན་སྲུང་བྱས་ནས་རྒྱལ་གཅེས་མཐའ་སྲུང་གི་མི་སེམས་འགུལ་བའི་གཏམ་རྒྱུད་བརྩམས་ཡོད།
          བོད་ལྗོངས་སུ་མཐའ་མཚམས་ལམ་ཐིག་ལ་སྤྱི་ལེ་4000ཙམ་ཡོད་ཅིང་། མཐའ་མཚམས་ས་ཁུལ་མང་ཆེ་བ་ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་པ་དང་། རི་མཐོ་ལ་གྲོག་རོང་གཟར་བ་དང་། གྲོང་ཁྱེར་ལྟེ་བའི་ཁུལ་དང་རྒྱང་ཐག་རིང་བས། མཐའ་མཚམས་ཡུལ་མིའི་ཐོན་སྐྱེད་དང་འཚོ་བར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཡོད། རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་པ་དང་། རྒྱལ་ཁོངས་ཀྱི་དུས་བདེ་ཞོད་འཇགས་མེད་ན་ཁྱིམ་ཚང་ཁྲི་སྟོང་མང་པོའི་དུས་བདེ་ཡོང་མི་སྲིད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་མཐའ་མཚམས་མི་སེར་གྱི་ཐོན་སྐྱེད་དང་འཚོ་བར་ཐུགས་ཁྲལ་ཧ་ཅང་ཆེན་པོ་གནང་གི་ཡོད།
          2017ལོའི་ཟླ་10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་ནས། ཁོང་ཚོའི་རྒྱལ་ཁབ་ཀྱི་ཆེད་དུ་མཐའ་མཚམས་སྲུང་བའི་བྱ་སྤྱོད་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ། ཁོང་ཚོར“རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་བྱས་ཏེ། འབྲོག་པ་མང་ཚོགས་དེ་བས་མང་བ་སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་མཐའ་མཚམས་སུ་རྩ་བ་ཚུགས་རྒྱུར་སྐུལ་ཁྲིད་བྱས་ཏེ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད་དགོས་པའི”སྐུལ་ལྕག་གནང་ཡོད།
          ད་ཐེངས་ཀྱི་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག“མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བྱེད་དགོས་པའི”ནན་བཤད་གནང་བ་དང་འབྲེལ། “མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བར། དམིགས་བསལ་གྱི་རྒྱབ་སྐྱོར་སྲིད་ཇུས་སྤྱད་དེ། མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་སེལ་རོགས་བྱེད་དགོས”ཞེས་བསྟན་གནང་ཡོད།
          སྤེན་པ་དབང་ཕྱུག་གིས“ཀྲུང་དབྱང་གིས་མཐའ་མཚམས་མི་སེར་ལ་ཐུགས་ཁུར་ཆེན་པོ་གནང་བ་དེས། རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་སྲུང་བའི་ང་ཚོའི་ཡིད་ཆེས་དང་སེམས་ཤུགས་ཆེ་རུ་ཕྱིན་སོང”ཞེས་བརྗོད།
          མེས་རྒྱལ་གྱིས་བརྗེད་མི་སྲིད་ལ། ས་མཐོའི་མི་དམངས་ཀྱིས་ཀྱང་བརྗེད་མི་སྲིད།
          ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། བོད་ལྗོངས་ཀྱི་ལས་བྱེད་པ་དང་ལས་བཟོར་ཐུགས་ཁུར་དང་གཅེས་སྐྱོང་གནང་སྟེ། གླ་ཕོགས་དང་། སྡོད་ཁང་། སྨན་བཅོས། བུ་ཕྲུག་སློབ་ཞུགས། རྒན་ཡོལ་བཀོད་སྒྲིག་སོགས་ཕྱོགས་ཁག་གི་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་ཡག་པོ་བྱས་ནས། ཁོང་ཚོའི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་ཡག་པོ་སེལ་དགོས། བདེ་ཐང་འགན་སྲུང་ལས་དོན་ལ་མཐོང་ཆེན་བྱེད་པ་དང་། ས་བབ་མཐོ་བའི་ས་ཁུལ་གྱི་སྨན་བཅོས་འཕྲོད་སྦྱོར་སྒྲིག་ཆས་གསར་པ་དང་ལག་རྩལ་གསར་པ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་བཏང་ནས། ཁོང་ཚོའི་བདེ་ཐང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད།
          ཐུགས་ཁུར་གཟབ་བཞེས་དེ་བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་ལས་བཟོའི་སེམས་ནང་གཏིང་ཟབ་ཚོར་ནས། ས་མཐོར་རྩ་བ་ཚུགས་པ་དང་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ཚང་མའི་ཡིད་ཆེས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད།
          རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་རྫོང་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ཨུད་ཀྱི་ཧྲུའུ་ཅི་དབྱང་ཝུན་ཧྲེང་གིས“ང་ཚོས་ངེས་པར་དུ་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར། དཀའ་སྡུག་ཁྱད་པར་བཟོད་པ་དང་། དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐེག་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བ་བཅས་ཀྱི‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’ལ་དུས་རབས་ཀྱི་ནང་དོན་གསར་པ་མངོན་པ་བྱེད་རྒྱུ་ཡིན”ཞེས་བརྗོད་པ་རེད།
          ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག ཀྲུང་དབྱང་གིས་བོད་ལྗོངས་ལ་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱིས་བོད་ལྗོངས་ལ་རོགས་སྐྱོར་བྱེད་པ་ནི། ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་བའི་སྲིད་ཇུས་ཤིག་ཡིན་པས། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ཏེ་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་པའི་ནན་བཤད་གནང་ཡོད།
          ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་རུ་སྣེ་འཁྲིད་མཁན་ལི་ཤིའུ་ཝུའུ་ཡིས“བོད་སྐྱོར་ལམ་སྲོལ་དེ་ཀྲུང་དབྱང་གིས་བོད་ལྗོངས་ལ་རྒྱབ་སྐྱོར་བྱེད་པའི་གསར་གཏོད་བྱ་ཐབས་ཤིག་ཡིན་པའི་ངོས་ནས། བོད་ལྗོངས་ཀྱི་མཆོང་སྐྱོད་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་ཐེབས་པ་མ་ཟད། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏིང་ཟབ་ཀྱང་ཐེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་བོད་སྐྱོར་ལས་དོན་སྐོར་གྱི་བླང་བྱ་གསར་པས་ང་ཚོར་དུས་རབས་གསར་པའི་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་ཆེད་ཁ་ཕྱོགས་གསལ་སྟོན་གནང་ཡོད”ཅེས་བརྗོད་པ་རེད།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005