གནས་ཡུལ། མདུན་ངོས། དགོན་པ།
 
 
༄༅།།རྟ་བྲག་དཀར་མོ་དུང་བརྒྱ་མའི་གནས་ཡིག་དད་གསུམ་སྒོ་འབྱེད་ནོར་བུའི་ལྡེ་མིག
སྤེལ་དུས།2008-03-06   ཡོང་ཁུངས་།   རྩོམ་པ་པོ།

                                         འཛི་སྒར་རྡོ་རྗེ་དབང་གྲགས་ནས་འདོན་སྤྲོད་བྱས།
       བྷིད༔ ཨེ་མ་ཧོ༔ ལེགས་འོང་དོན་རྒྱུད་ཆོས་ཉིན་དགོངས་པའི་དོན༔ ལེགས་བྱས་གང་སྣང་ཡེ་ཤེས་རོལ་བའི་རྩལ༔ ལེགས་གྲུབ་རྣམ་དག་ལྷུན་རྫོགས་བདེ་ཆེན་ཞིང༔ ལེགས་བྱུང་བཅོས་མེད་ལྷུན་གྲུབ་དཔག་བསམ་རྒྱས༔ ས་མ་ཡ༔ ན་མོ་གུ་རུ་དེ་ཝ་ཌྰཀྐི་ནི་ཡེ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ ཡུམ་མཆོག་ཡེ་ཤེས་མཚོ་རྒྱལ་ཕྱག་བྲིས་ལས༔ རྟ་བྲག་གནས་ལ་ཙ་གངས་རོང་གསུམ་དང༔ ལ་ཕྱི་རི་བོ་རྩེ་ལྔ་བྱ་རྒོད་སྤུངས༔ ལྷོ་ཕྱོགས་དཔལ་གྱི་གྲུ་འཛིན་པདྨའི་ཞིང༔ ཨོ་རྒྱན་ཡུལ་དང་བྱང་ཕྱོགས་ཤམ་བྷ་ལ༔ རྡོ་རྗེ་གདན་སོགས་འཛམ་གླིང་ལྔ་ལྡན་ཞིང༔ སྦས་ཡུལ་རྣམ་ལྔ་སྒྲུབ་གནས་རྣམ་པ་བརྒྱད༔ ལུང་ལྔ་ལྗོངས་གསུམ་གངས་རི་ཉེར་གཅིག་དང༔མཐའ་འདུལ་ཡང་འདུལ་གླིང་གཅིག་ལ་སོགས་པའི༔གནས་རྣམས་མ་ལུས་འདི་ཉིད་ཁོ་ནར་འདུ༔འཛམ་གླིང་གནས་རྣམས་ཁྱད་མེད་དོན་ལྡན་ཡིན༔གནས་ཆེན་ཕལ་གྱི་བྱིན་རླབས་ཉམས་པའི་ཚེ༔གནས་འདིའི་མཐུ་བྱིན་ལྷག་པར་ངོམས་པ་ཡིན༔ང་ཡི་རྗེས་འཇུག་ཕྱི་རབས་དད་ལྡན་རྣམས༔ ཟླ་སྒང་གནས་མཆོག་རྟ་བྲག་མཚན་ཅན་འདི༔ ཞལ་མཐོང་ཙམ་གྱིས་ངན་སོང་སྒོ་མོ་ཁེགས༔ དད་པས་སྒྲུབ་དང་རང་རྟགས་དངོས་སུ་སྟོན༔ ཟབ་མོ་སྐལ་ལྡན་འདྲེན་པའི་བཙས་སུ་བཞག༔ ང་ཉིད་མི་བཞུགས་སྲིན་ཡུལ་ལྡོག་ན་ཡང༔ བྱིན་རླབས་བོད་ཡུལ་གདུལ་བྱའི་བགོ་སྐལ་འཇུག༔ རྒྱུན་དུ་བཀའ་དྲིན་མི་བརྗེད་དྲན་པའི་ངང༔ མ་ཡེངས་བརྗོད་བསྐུལ་གསོལ་བ་འདེབས་ལ་བརྩོན༔ རི་རྣམས་ལྷ་སྐུ་ཆུ་རྣམས་མྱོང་གྲོལ་མཛད༔ གནས་ཀྱི་གང་ཟག་བྱིན་རླབས་བྱས་ནས་འོང༔ ས་རྡོ་རང་རྒྱུད་ཅན་དུ་མ་བཟུང་ཞིག༔ འབྱུང་ལྔ་རྣམ་དག་རིག་འཛིན་སྤྲུལ་པའི་ཞིང༔ འབྲེལ་ཚད་དོན་ལྡན་སྨོན་ལམ་བརྒྱ་ཡི་བཏབས༔ ཕྱག་བསྐོར་རྒྱུ་ལུས་འབད་པ་འདི་ན་གྱིས༔ དད་གུས་བསྐོར་ཕྱག་བསོད་ནམས་ཚད་ལས་འདས༔ སྒྲིབ་དག་ཚེ་རིང་ལོངས་སྤྱོད་ཟད་མེད་འཕེལ༔ གནས་མཆོག་འདི་རུ་བསྙེན་སྒྲུབ་བྱེད་གྱུར་ན༔ ལས་བཞི་ལྷུན་གྲུབ་ལྷ་ཞལ་མངོན་སུམ་མཐོང༔ གནས་མཆོག་དེ་རུ་རྣམ་ལྔའི་ཚོགས་ཕུལ་ན༔ ཚོགས་གཉིས་རྫོགས་ཤིང་དོན་གཉིས་མཐའ་རུ་ཕྱིན༔ ལྔ་བཅུ་ཁ་རལ་སེམས་ཅན་ཐམས་ཅད་ཀྱིས༔ ཕུ་ནུ་ནང་འཁྲུགས་དུས་སུ་བསྐོར་གྱུར་ན༔ རྩོད་པ་ཞི་ཞིང་ནང་འཁྲུགས་བཟློག་ནུས་སོ༔ ཕྱྭ་དང་གཡང་ལ་རྟ་རྣ་བསྐོར་གྱུར་ན༔ ལོངས་སྤྱོད་ཟད་མེད་ས་གཞི་ལྟར་དུ་འཕེལ༔ ཚེ་ཟད་པ་ཡིས་རྟ་རྣ་བསྐོར་གྱུར་ན༔ བསྐོར་ཚད་བཅུ་གསུམ་ཚེ་ལོ་ལྔ་རུ་བསྲིང༔ ཤེས་རབ་རྒྱས་ཕྱིར་རྟ་རྣ་བསྐོར་གྱུར་ན༔ སྒྲིབ་གསལ་ཡེ་ཤེས་རྩ་དྭངས་ཤེས་རིག་འཕེལ༔ ནད་མནར་པ་ཡི་རྟ་རྣ་བསྐོར་གྱུར་ན༔ ཚེ་སྲོག་བསྲིང་ཞིང་ནད་གྲོལ་གཟི་མདངས་རྒྱས༔ སྲི་ངན་པ་ཡིས་རྟ་རྣ་བསྐོར་གྱུར་ན༔ ལུས་དར་ལུང་བསྐྱེད་བར་ཆད་གཡུལ་ལས་རྒྱལ༔ ཕྱག་བསྐོར་སྒྱུ་ལུས་འབད་པ་མང་བྱས་ན༔ བསྐལ་སྟོང་བསགས་པའི་སྡིག་སྒྲིབ་འདག་པར་ངེས༔ ངན་སོང་སྐྱེ་སྒོ་ཆོད་པར་ཐེ་ཚོམ་མེད༔ གནས་འདིར་རླུང་རྟ་ཇོ་དར་སུས་སྒྲོན་ན༔ བར་ཆད་གཡུལ་རྒྱལ་མཁའ་སྤྱོད་ཞིང་དུ་བགྲོད༔ དལ་བའི་རྟེན་བཟང་སྙིང་པོ་ལེན་པར་འབད༔ རྟ་ལུག་སྤྲེལ་གསུམ་གནས་འདུས་ཕན་ཡོན་ཆེ༔ རྟ་ལོར་མ་ཎི་བཛྲ་གང་མོས་པ༔ ལྷ་སྔགས་དུང་བརྒྱ་བཟླས་བརྗོད་བྱས་དང་མཉམ༔ ལུག་ལོར་བསྐོར་ན་ཁ་བ་དཀར་པོ་མཉམ༔ སྤྲེལ་ལོར་བསྐོར་ན་ཙ་རི་ཊ་དང་མཉམ༔ བསླུ་བ་སྤུ་རྩམ་མེད་དོ་རྗེས་འཇུག་རྣམས༔ ཏི་སེ་གནས་ཕྲན་སྟོང་གི་བསྐོར་བ་དྲངས༔ བདེ་མཆོག་ཡབ་ཡུམ་འཁྲིལ་བའི་བྲག་ལ་ཐིམ༔ ཁ་བ་དཀར་པོ་གནས་ཕྲན་སྟོང་ཕྲག་བསྐོར༔ བཀྲ་ལམ་ཨོ་རྒྱན་བདག་གིས་སྤྱན་དྲངས་ནས༔ ནུབ་རི་ཤེལ་ལུང་དཀར་པོས་བྲག་ལ་གཏིམ༔ ཙ་རི་གནས་ཕྲེང་སྟོང་གིས་བསྐོར་བ་དྲངས༔ གཡོན་ཕྱོགས་ལྗོན་ཤིང་རྒྱས་པའི་བྲག་ལ་སྦས༔ རི་བོ་རྩེ་ལྔ་གནས་ཆེན་འབུམ་དང་བཅས༔ སྤྱན་དྲངས་གཡོན་ཕྱོགས་བྲག་རྩེ་ལྔ་པར་ཐིམ༔ མཚོ་གླིང་གྲུ་འཛིན་གནས་ཆེན་ཁྲི་དང་འབུམ༔སྤྱན་དྲངས་ནུབ་གླིང་དཀར་པོའི་བྲག་ལ་ཐིམ༔ དེ་ནས་རྒྱ་གར་དབུས་འགྱུར་རྡོ་རྗེ་ཡི༔ བྱང་ཆུབ་ཁྲི་དང་ལྗོན་ཤིང་བཤེགས་གསོལ་ནས༔ དྲེལ་ཆེན་བྲག་དིལ་ལྗོན་ཤིང་ཉིད་ལ་བཞུགས༔ དེ་ཕྱིར་ཨོ་རྒྱན་པདྨ་བདག་ཉིད་ཀྱིས༔ དུས་གསུམ་རྟེན་འབྲེལ་འཛོམས་པའི་ས་གནད་དུ༔ སྒྲུབ་པ་བྱས་ཤིང་དཔའ་བོ་མཁའ་འགྲོ་དང༔ ཡི་དམ་ཞི་ཁྲོའི་ལྷ་ཚོགས་སྤྱན་དྲངས་གཏིམ༔ ངལ་བ་ཁྱད་བསད་དགའ་བ་དང་ལེན་གྱིས༔ གནས་བསྐོར་ཕྱག་མཆོད་དགེ་རྩ་འབད་པ་ཡིས༔ ལུས་ངག་ཡིད་གསུམ་སྡིག་སྒྲིབ་ཐམས་ཅད་དག༔ སྡིག་ཅན་ཤན་པ་ཡིན་ཀྱང་ཐར་ལམ་ཐོབ༔ མཐར་ཐུག་དག་པའི་ཞིང་དུ་མངོན་སངས་རྒྱ༔གནས་ལ་སྐུར་འདེབས་དགེ་བར་ལོག་ལྟ་མཁན༔གནས་འདིར་སྡིག་སྤྱོད་རི་དྭགས་བསད་པ་དང༔རྩི་ཤིང་བཅད་དང་སོལ་མེ་བགྱིས་པ་ཡིས༔ མི་བརྒྱུད་ནད་མནར་གློ་བུར་ཚེ་སྲོག་ཆོད༔ དམིགས་མེད་ཆོས་ཀྱི་དབྱིངས་སུ་ས་མ་ཡ༔ ཁ་ཐམ༔གུ་ཧྱ༔ཅེས་པ་འདི་རིག་འཛིན་ནུས་ལྡན་རྡོ་རྗེའི་རྟ་བྲག་ཀློང་གསལ་ཕུག་ནས་སྤྱན་དྲངས་པའོ།།།།
          

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060