གནས་ཡུལ། མདུན་ངོས། དགོན་པ།
 
 
༄༅།།རྭ་སྒྲེང་དགོན་པའི་གནས་བཤད་མཚམས་སྦྱོར་མདོར་བསྡུས།
སྤེལ་དུས།2008-06-27   ཡོང་ཁུངས་།《སྤང་རྒྱན་མེ་ཏོག》    རྩོམ་པ་པོ། བསྟན་འཛིན་ཡེ་ཤེས་ཀྱིས་བརྩམས།

      བོད་གངས་ཅན་གྱི་ལྗོངས་འདིར་སྙན་གྲགས་ཀྱི་བདན་དཀར་པོ་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་པའི་བཀའ་གདམས་གསར་རྙིང་གི་མ་དགོན་རྭ་སྒྲེང་རྒྱལ་བའི་དབེན་གནས་ཞེས་པའི་གནས་མཆོག་འདི་ནི་རྒྱལ་ཁབ་རིམ་པའི་སྤྱི་གླིང་དང། བོད་ཆོལ་ཁ་གསུམ་གྱི་ཡ་གྱལ་དབུས་གཙང་ཆོས་ཀྱི་ཆོལ་ཁའི་དབུ་རུ་བྱང་ཕྱོགས་ཀྱི་ཆར་གནས་ཤིང་།དེང་དུས་ལྟར་ན་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ལྷུན་གྲུབ་རྫོང་ཐང་མགོ་ཤང་ཁོངས་སུ་ཡོད།

     དགོན་གནས་འདི་ནི་ས་བབས་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲི༤༣༩༦དང་ལྷ་ས་གྲོང་ཁྱེར་ནས་བརྩིས་པའི་སྤྱིལེ༡༦༦མཚས་སུ་གནས་ཡོད། དེའི་བྱ་ངོས་ས་ཁད་ཅུང་མཐོ་ཞིང་སྤང་ཐང་ཡངས་པར་དཀར་ནག་ཕྱུགས་རིགས་ལ་བརྟེན་པའི་འབྲོག་སྡེ་ཆེན་པོ་དང་། དེའི་ཕྱོགས་གཞན་དུ་ཞིང་འབྲོག་གཉིས་ཀར་འབུངས་པའི་ས་མ་འབྲོག དགོན་དེའི་ས་དཔྱད་ཀྱང་ཕུ་ཤར་ལ་བསྟན་ཞིང་མདའ་ནུབ་ལ་བསྟན་པ། རྒྱབ་རི་མཐོ་ཞིང་རྔམ་ལ་མདུན་རི་ཞོལ་བ། མཐའ་སྐོར་གྱི་རི་བོ་རྣམས་རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྟགས་བརྒྱད་སོགས་བཟོ་བོ་མཁས་པས་སོར་མོའི་འདུ་བྱེད་ལས་བསྐྲུན་པ་ལྟ་བུ་ཤིན་ཏུ་དོད་པའི་གསོན་གཉམ་ཀྱིས་ཕྱུག་པ། མདུན་དུ་གཙང་ཆབ་སྔོན་མོ་གྱ་གྱུའི་གར་སྟབས་ཀྱི་བཞུར་བ། དགོན་དེའི་ཉེ་འཁོར་དུ་རིང་མཐར་མི་ལོ་ཆིག་སྟོང་ལྷག་ཙམ་དང་། ཐུང་མཐར་བརྒྱ་ཕྲག་གཉིས་གསུམ་སོགས་ལོ་ཚད་མ་ངེས་པའི་ཤུག་པ་ཁྲི་ཕྲག་ཉི་ཤུ་ཙམ་དང་། སེ་བ། སྤ་མ། བ་ལུ། གླང་མ་སོགས་ཤིང་རིགས་དུ་མས་གར་སྟབས་བསྒྱུར་བའི་གསེབ་ཏུ་ཁུ་བྱུག་དང་། མཇོལ་མོ། བྱ་རྒོད། པིང་ཀྱུར། ཕོ་རོག སྐྱ་ཀ་སོགས། གྲགས་དང་མ་གྲགས་པའི་བྱ་རིགས་དུ་མ་འཕུར་ལྡིང་གར་གྱིས་རོལ་བ། དབྱར་མི་ཆེ་དགུན་མི་ཆུང་བའི་ཆུ་མིག་ནེའུ་གསིང་དུ་མས་བརྒྱན་པ། ཤང་དྲིལ་དམར་སེར་སོགས་སྣ་ཚོགས་མེ་ཏོག་གིས་ཕྲ་ཚོམ་སྤ་བ། རྩ་ཆུ་འཛོམས་པས་དཀར་ནག་ཕྱུགས་རིགས་དུ་མ་གསོས་དལ་གྱིས་རྒྱུ་བ། ཇོ་བོ་རྗེ་སོགས་ཀྱིས་ལུང་བསྟན་ཅིང་རྭ་སྒྲེང་གི་མི་དབང་ཞང་འཕྲང་ཁ་བེར་ཆུང་གིས་གནས་གཞི་ཕུ་ནས་དགོན་པ་འདེབས་དགོས་པར་གསོལ་བ་བཏབ་པ་བཞིན་བཀའ་གདམ་བསྟན་པའི་མེས་པོ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་རབ་བྱུང་དང་པོའི་མེ་སྤྲེལ་སྤྱི་ལོ་༡༠༥༦ལོར་རྣལ་འབྱོར་་རྣམ་བཞི་བཞུགས་གནས་དགོན་པ་གོང་དང་། དེའི་ཕྱི་ལོ་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཐུགས་དམ་རྟེན་ཇོ་བོ་འཇམ་དཔལ་རྡོ་རྗེ་དང་། གཡུ་རྒྱལ་སྒྲོལ་མ། རྒྱ་དཔེ་རྣམས་ཀྱི་བཞུགས་གནས་དབུ་རྩེ་ཀ་གཉིས་མ་སོགས་རིམ་པར་བཞེངས། ཁུ་བྱུག་མཆོད་པ་སོགས་སངས་རྒྱས་ཀྱི་མཛད་ཆེན་བཞིའི་དུས་མཆོད་བཞི་ལེགས་པར་བཙུགས། སྐུ་མཆེ་གསུམ་སོགས་དམ་པའི་སྐྱེས་བུ་གྲངས་ལས་འདས་པ་གསོ་སྐྱོང་གནང་ནས་བཀའ་གདམས་བསྟན་པའི་འཕྲིན་ལས་ཆེས་ཆེར་རྒྱས་པར་མཛད། རྒྱལ་བ་འབྲོམ་སྟོན་པས་དབུ་རྩེ་བཞེངས་ནས་མི་རབས་ན་མི་རབས་བརྒྱུད་འཛུགས་བསྐྲུན་རྒྱ་བསྐྱེད་དང་མངའ་ཐང་ཇེ་འཕེལ་གྱུར་སྟབས། ཀ་བ་བརྒྱ་ཕྲག་གཅིག་དང་བཅུ་ཕྲག་བཞི་ཙམ་གྱི་རྒྱ་ཁྱོ་ལྡན་པའི་སྟེང་དུ་ཐུག་དང་། གསེར་ཟངས་ཀྱི་རྒྱལ་མཚན་དང་། གན་ཇི་ར། རི་དྭགས་ཕོ་མོ་གསེར་གྱི་རྒྱ་ཕིབས་ཟུང་བཅས་ཀྱི་མཛེས་པའི་ལྟེ་བའི་གཙུག་ལག་ཁང་དང་། དེའི་ཕྱོགས་བཞིར་རྒྱལ་བ་འབྲོམ་སྟོན་གྱི་གཟི་དཀྱིལ་དང་། བཤེས་གཉེན་སྟོན་པའི་གདུང་རྟེན་སོགས་བཞུགས་པའི་གསེར་འབུམ་པ། རྣལ་འབྱོར་རྣམ་བཞིའི་བཞུགས་གནས་རྒྱལ་བ་ཙོང་ཁ་པར་ལམ་རིམ་བླ་མ་རྣམས་ཀྱིས་ཞལ་གཟིགས་གནང་ཡུལ་དགོན་པ་གོང་། བྱ་བཏང་རིན་ཆེན་བཟང་པོས་གནས་བསྟན་བཅུ་དྲུག་དང་ལྷན་དུ་གསོ་སྦྱོང་གནང་ཡུལ་གནས་བཅུ་ལྷ་ཁང་བཅས་ཟུར་བཞི་ལྷ་ཁང་བཞི། དགོན་པའི་ཐོད་དུ་རྗེ་ཙོང་ཁ་པས་ལམ་རིམ་ཆེན་མོ་བརྩམས་ཡུལ་ཡང་དགོན་དང་། རྗེ་རེ་མདའ་བའི་སྒྲུབ་ཕུག་རྩེ་ལྷ་ཁང་། བཙན་གཉའ་གྲུབ་ཐོབ་ལྷ་ཁང་། རྗེ་བླ་མས་བདེ་མཆོག་སྒྲུབ་གནས་བསམ་གཏན་གླིང་བཅས་དབེན་ཞིང་ཉམས་དགའ་བའི་རི་ཁྲོད་དུ་མས་མཛེས་པར་བརྒྱན་པ། ལྟེ་བའི་གཙུག་ལག་ཁང་གི་གཡས་ཕྱོགས་སུ་རྭ་སྒྲེང་སྡེ་དགོན་བཅུ་གསུམ་གྱི་བདག་པོ་རྭ་སྒྲེང་རིན་པོ་ཆེ་སོགས་བླ་དཔོན་མི་དྲག་རྣམས་ཀྱི་བཞུགས་གན་བླ་བྲང་ཐོག་རྩེགས་ལྔ་ལྡན་ཤིན་ཏུ་རྔམ་པ། དགོན་པའི་སྟེང་འོག་བར་གསུམ་དུ་བཀའ་འདམས་དགེ་བའི་བཤེས་གཉེན་རྣམས་ཀྱི་སྐུ་གདུང་བཞུགས་པའི་མཆོད་རྟེན་གྲངས་ལས་འདས་པ། དགོན་དེར་བོད་ཡུལ་གྱི་རྟེན་གསུམ་རྣམས་ཀྱི་ནང་ནས་ཆེས་སྔ་ཤོས་ཡིན་པའི་ཇོ་བོ་འཇམ་དཔལ་རྡོ་རྗེ་སོགས་བྲིས་འབུར་གྱི་སྐུ་རྟེན་བརྗོད་ལས་འདས་པ། འབུམ་ནག་ཆུའི་ཟིལ་བ་སོགས་པོ་ཏི་དུང་ཕྱུར་ལྷག་གི་གསུང་རྟེན། མཆོད་རྟེན་བཀྲ་ཤིས་དཔལ་འབར་སོགས་ཐུགས་རྟེན་བརྒྱ་ཕྲག་གཅིག་ཙམ་བཅས། མདོར་ན་སྡེ་འདིའི་གནས་ཀྱི་བཀོད་པ་དང་། རྟེན་གསུམ་གྱི་ཡོ་ཏན་རྣམས་ཇི་ཙམ་བརྗོད་ཀྱང་བརྗོད་མི་ཚར་བ་ལྟ་བུ་ཡོད། དེ་ལྟ་བུའི་གནས་ས་ཆེན་པོ་དེ་ཉིད་རྒྱལ་བ་འབྲོམ་གྱིས་ཕྱག་བཏབ་ནས་རིམ་པར་རྣལ་འབྱོར་བ་བྱང་ཆུབ་རིན་ཆེན་དང་། དགོན་པ་བ། པོ་ཏོ་བ། ཞང་འོད་འཇོ་བ་སོགས་བཀའ་གདམས་པའི་དགེ་བའི་བཤེས་གཉེན་དང་། ཁྲི་ཆེན་ངག་དབང་ཆོས་ལྡན་སོགས་རྭ་སྒྲེང་ཁྲི་ཆེན་སྐུ་རབས་རྣམས་ཀྱིས་ཆོས་སྲིད་གཉིས་ཀྱིས་སྒོ་ནས་ལེགས་པར་བསྐྱངས་པའོ། 

                                                                                                                                   འབྲུག་མོས་ཞུ་དག་བྱས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060