གནས་ཡུལ། མདུན་ངོས། དགོན་པ།
 
 
༄༅།། རྭ་སྒྲེང་དགོན་གྱི་བྱུང་བ་མདོ་ཙམ་བརྗོད་པ།
སྤེལ་དུས།2017-07-24   ཡོང་ཁུངས་།བོད་ལྗོངས་རིག་གནས་དྲ་བ།   རྩོམ་པ་པོ། བསྟན་འཛིན་དོན་གྲུབ།
     ཐུབ་བསྟན་ཀུན་གསལ་མཛད་བྱེད་ཨ་ཏི་ཤ།།    བཀའ་གདམས་བསྟན་པའི་མེས་པོ་འབྲོམ་སྟོན་རྗེ།།
     ཁམས་གསུམ་འགྲོ་བའི་བླ་མ་ཙོང་ཁ་པ།།    རྣམ་གསུམ་འགྲོ་རྣམས་སྤྱི་བོའི་རྒྱན་དུ་མཆོད།།
    སྙན་པའི་གྲགས་པ་ཕྱོགས་ཀུན་ཁྱབ་པ་ཡི།།    བྱང་ཕྱོགས་རྭ་སྒྲེང་གཙུག་ལག་ཁང་ཆེན་པོའི།།
      རྟེན་དང་བརྟེན་པ་ཇི་ལྟར་བྱུང་བའི་ཚུལ།།     ཅུང་ཟད་བརྗོད་པར་བདག་ཡིད་སྤྲོ་བ་འཕེལ།།
          ཞེས་པས་སྔོན་བསུས་ཏེ་གང་གླེང་བར་བྱ་བ་ནི་བྱང་ཕྱོགས་རྭ་སྒྲེང་དགོན་འདིའི་གནས་ཀྱི་ཆེ་བ་དང་། ཇི་ལྟར་བཞེངས་པའི་ཚུལ། གདན་ས་ཇི་ལྟར་བསྐྱངས་པའི་ཚུལ། རྟེན་གཙོ་ཇོ་བོ་འཇམ་དཔལ་རྡོ་རྗེའི་བྱུང་བ་བརྗོད་པ་བཅས་འདི་ལྟ་སྟེ།
          དང་པོ། གནས་ཀྱི་ཆེ་བ།
          བོད་རང་སྐྱོང་ལྗོངས་ལྷུན་གྲུབ་རྫོང་ནས་ཤར་ཕྱོགས་སུ་སྤྱི་ལེ་དྲུག་ཅུ་ཙམ་འདས་པའི་སར་ཆགས་པའི་གདན་ས་ཆེན་པོ་རྭ་སྒྲེང་རྒྱལ་བའི་དབེན་གནས་ཞེས་བྱ་བ་དེ་ནི་འཇམ་དཔལ་བསྟན་པ་རོལ་པའི་རྒྱུད་ལས། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། སངས་རྒྱས་བསྟན་པ་གར་རྒྱས་པར། བྱང་ཕྱོགས་ཁ་བ་ཅན་གྱི་རི་ཡི་དབུས། སྨན་སྣ་སྣ་ཚོགས་རྒྱས་པའི་ཤུག་རིའི་གསེབ། སྤོས་ཤིང་ནགས་ཚལ་རྒྱས་པའི་རི་ཡི་མགུལ། ཡི་གེ་དང་པོ་རྭ་ལ་དེ་འོག་སྒྲེང་། ཞེས་བསྟན་པ་སོགས་སྟོན་པ་ཐུགས་རྗེ་ཅན་དང་། སྤྲུལ་པའི་རྒྱལ་པོ། ཇོ་བོ་བླ་མ་སོགས་གྲངས་མེད་རྒྱལ་བས་ལུང་བསྟན་པའི་གནས་མཆོག་ཞིག་ཡིན་ཞིང་། སྤྱིར་རྭ་སྒྲེང་ཞེས་པའི་མཚན་འདི་ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས། རྭ་ནི་ཉོན་མོངས་རྡུལ་དང་བྲལ་བ་སྟེ། ཆོས་ཀྱི་སྒོ་མོ་ཡིན་པར་གསུངས། ཉོན་མོངས་རྡུལ་བྲལ་ཆོས་ཀྱི་སྒོ། སྲིད་རྩེའི་མཐར་ཐུག་སྒྲེང་བར་བྱེད། ཞེས་གསུངས་པ་ལྟར་ཉོན་མོངས་བག་ཆགས་ཀྱི་རྒྱུ་དང་བྲལ་ཞིང་སངས་རྒྱས་ཀྱི་བསྟན་པ་སྲིད་པའི་རྩེ་མོར་སྒྲེང་བར་བྱེད་པས་མིང་དུའང་དེ་ལྟར་ཆགས་སོ།
 
          དགོན་གནས་དེ་ཆགས་ཡུལ་གནས་ཀྱི་བཀོད་པ་ཡང་ས་ཁད་དཀར་ཞིང་ལུང་བའི་ཕུ་ཤར་ལ་བསྟན་པ། མདའ་ནུབ་ལ་བསྟན་པ། ཤར་ཡངས་ཤིང་། ནུབ་དོག་པ། ལྷོ་གཞོལ་བ། བྱང་བསྐྱབས་པ། ཕྱོགས་ཀྱི་རི་ཐམས་ཅད་ཀྱང་རྒྱལ་སྲིད་སྣ་བདུན་དང་འདྲ་ཞིང་། ཁྱད་པར་དུ་ཡང་རྒྱབ་རི་ཕྱིང་དཀར་བ་ལྷུན་ཆགས་པ་ངོས་ཡངས་ཤིང་རྒྱལ་པོ་གདན་ལ་བཞུགས་ཏེ་ལ་ཐོད་གསོལ་བ་དང་འདྲ་བ། མདུན་དུ་གཡུ་མཚོ་སྔོན་མོ་མཐིང་གི་མདོག་ལྟ་བུ་དེ་བཞིན་གཤེགས་པ་ལ་ཡོན་ཆབ་ཀྱི་ཚུལ་དུ་གནས་པ། ལྷོ་ནུབ་མཚམས་ན་མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱིས་གཙོས་པའི་མཁའ་འགྲོ་འབུམ་གྱི་དོ་རྭ་ཐང་ཆེན་གསེར་གྱི་མཎྜལ་ལྟ་བུར་གནས་པ། ཁོར་ཡུག་ཐམས་ཅད་ལྟ་ན་སྡུག་ཅིང་ཡིད་དུ་འོང་བའི་གསེར་ལྡན་དང་། ཟངས་ལྡན། ཤེལ་ལྡན། གཡུ་ལྡན་བཅས་ཀྱིས་གཙོས་པའི་ཤུག་པ་ཉིས་ཁྲི་ཆིག་སྟོང་གིས་རབ་ཏུ་མཛེས་པ་དེ་དག་ལས་འཐུལ་བའི་དྲི་བཟང་ནི་དྲི་ཞིམ་གདུག་སྤོས་དག་ལ་ཡང་སྐྱེངས་པ་སྟེར་ནུས་ཞིང་། སྣ་ཚོགས་བྱ་བྱིའུ་དག་གིས་ཤིན་ཏུ་སྙན་ཞིང་འཇེབས་པའི་མགྲིན་དབྱངས་སྒྲོག་པ་བཅས་མདོར་ན་ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་བཀྲ་ཤིས་ཀྱི་རྫས་དཔག་ཏུ་མ་མཆིས་པའི་གནས་མཆོག་དེར་བོད་རྒྱལ་སོ་གསུམ་པ་སྲོང་བཙན་སྒམ་པོ་དེ་ཉིད་འགྲོ་བའི་དོན་དུ་བྱང་ཕྱོགས་སུ་མི་རྒོད་འདུལ་བ་ཕེབས་སྐབས་སུ་རི་གླང་ཆེན་འགྱིངས་འདྲའི་སྟེང་དུ་བཞུགས་ཏེ་དབུ་སྐྲ་ཤེས་རབ་ཀྱི་རལ་གྲིས་བྲེག་ཏེ་བྲག་ལྕོག་ཡིད་བཞིན་ནོར་བུའི་སྟེང་དུ་ཕེབས་ཏེ་དབུ་སྐྲ་རྣམས་ཕྱོགས་དང་ཕྱོགས་མཚམས་ཀུན་ལ་གཏོར་ནས། ལྷ་དཀོན་མཆོག་གསུམ་གྱི་བདེན་པ་ཡིས། མི་ཁོ་བོའི་སྤྱི་གཙུག་རྒྱན་བཞུགས་པའི། རྗེ་རྒྱལ་བ་ཉི་ཁྲི་ཆིག་སྟོང་རྣམས། གནས་འདི་རུ་བརྟན་པར་བཞུགས་གྱུར་ནས། མི་ང་ཡི་སྐྱེ་བ་འགའ་ཞིག་ན། ཞིང་རབ་འབྱམས་རྒྱལ་བ་ཀུན་འདུས་པའི། ལྷ་དཀོན་མཆོག་གསུམ་གྱི་ཕོ་བྲང་བཞེངས། ཡོངས་འགྲོ་བའི་བདེ་སྐྱིད་སྤེལ་བའི་ཕྱིར། གནས་འདི་རུ་ཤུག་པ་མང་སྐྱེས་ཏེ། མི་བདག་གིས་ལྷ་ཁང་བཞེངས་པའི་དུས། གདུང་ཀ་བ་ལྕམ་དྲལ་ཐོག་མེད་ཤོག། ཅེས་བདེན་ཚིག་བརྗོད་ཅིང་གནས་ཁྱད་པར་ཅན་དུ་བྱིན་གྱིས་བརླབས་པ་བཅས་དུས་དེང་སང་ཡང་སྲོང་བཙན་བཞུགས་ཁྲི་ཞེས་དངོས་སུ་འདྲེན་བྱེད་ཡུལ་དུ་མཇལ་རྒྱུ་ཡོད་པ་ལགས་སོ།
          གཉིས་པ། ཇི་ལྟར་བཞེངས་པའི་ཚུལ།
          དགོན་དེ་ཕྱག་འདེབས་པ་པོ་ནི་འཕགས་ཡུལ་གྱི་པཎྜི་ཏ་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སློབ་མ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཞེས་པ་རབ་བྱུང་དང་པོའི་གོང་གི་ལོ་དྲུག་ཅུ་སྐོར་མཐའ་མའི་ཤིང་འབྲུག་﹙སྤྱི་ལོ1004﹚ལོར་འཁྲུངས་ཤིང་མཉམ་མེད་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤའི་ཞབས་ལ་ཉེར་བར་བརྟེན་ནས་ཇོ་བོ་དང་འབྲོམ་སོགས་དཔོན་སློབ་རྣམས་ཡེར་པ་ལྷ་རིའི་མགུལ་དུ་ཕེབས་ཏེ་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་རྭ་སྒྲེང་དགོན་པ་འདེབས་པའི་རྟེན་འབྲེལ་དང་ས་འདུལ་མཛད། འབྲོམ་ལ་གཟིགས་ནས་རྒྱལ་བའི་འབྱུང་གནས་ཁྱོད་ཀྱི་འཕྲིན་ལས་ནམ་མཁའ་དང་མཉམ་མོད་མ་འོངས་པའི་དུས་ན་བྱང་ཕྱོགས་སྐྱེ་འགྲོ་ཕལ་ཆེར་ཁྱད་ཀྱི་གདུལ་བྱར་ཡོང་བར་འདུག་གསུངས། དེ་ནས་ཇོ་བོ་རྗེ་དེ་ཉིད་སྙེ་ཐང་དུ་ཕེབས་ཏེ་རང་གི་སློབ་མ་སྤྱི་དང་ཁྱད་པར་དུ་ཡང་དགེ་བཤེས་སྟོན་པར་ཐུབ་པ་འོད་ཟེར་གྱིས་གཙོས་པའི་རྒྱ་དཔེ་རྣམས་དང་། གསེར་གླིང་པའི་གདུང་རྟེན་དབུ་གདུགས་ཅན། འཇིག་རྟེན་དབང་ཕྱུག་གི་བྲིས་སྐུ་སོགས་གནང་སྟེ་སེམས་ཅན་གྱི་བདེ་སྐྱིད་སངས་རྒྱས་ཀྱི་བསྟན་པར་རག་ལས་པ་དང་སངས་རྒྱས་ཀྱི་བསྟན་པ་དགེ་འདུན་གྱི་སྡེ་ལ་རག་ལས་པས་ཁྱོད་ཀྱིས་དགེ་འདུན་གྱི་སྡེ་ཚུགས་ལ་གཙུག་ལག་ཁང་སོགས་བཞེངས། འགྲོ་དོན་ཚར་བ་དང་གང་ལའང་ཡིད་ཆགས་མེད་པར་ང་ཡི་དྲུང་དུ་ཤོག་ཅེས་གསུངས་ཏེ་འཇིག་རྟེན་གྱི་མགོན་པོ་ཨ་ཏ་ཤ་དེ་ཉིད་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་གཤེགས་སོ། དགེ་བཤེས་སྟོན་པ་རིན་པོ་ཆེ་དགུན་དེར་སྙེ་ཐང་དུ་བཞུགས་ཤིང་སོས་ཀ་ཇོ་བོའི་སྦྲ་དཀར་ནག་གཉིས་དང་གདུང་དང་ཕྱག་དཔེ་ཐུགས་དམ་སོགས་སྤྱན་དྲངས། བླ་མཆོད་བཞི་འཁྲིད་དེ་སྟོད་ལུང་བརྒྱུད་རྭ་སྒྲེང་དུ་བྱོན་ནས་ཐོག་མར་གནས་ཀྱི་བརྟག་པ་མཛད་པའི་ཚེ་ཕྱོགས་ཐམས་ཅད་དགེ་མཚན་བརྗོད་ཀྱིས་མི་ལངས་ཤིང་ས་དཔྱད་ཕུན་ཚོགས་པ་ཡོད་པ་གཟིགས་ཏེ་གཙུག་ལག་ཁང་བཞེངས་བའི་སྟ་གོན་ལེགས་པར་མཛད། དེ་ནས་མེ་ཕོ་སྤྲེའུ་ལོ་﹙1056﹚ལོར་དགོན་པ་གོང་དང་གཟིམ་ཆུང་བཏབ། མེ་མོ་བྱ་ལོ་﹙1057﹚དབུ་རྩེ་ཀ་གཉིས་མ་བཞེངས། དེ་རྗེས་དབུ་རྩེ་ཁྱུང་མགོ་ཅན་བཞེངས་བར་དགོངས་སྟེ་མངོན་ཤེས་ཀྱི་དྲེའུ་དཀར་མོ་ཞིག་ལ་རྒྱ་དཔེ་རྣམས་བཀལ་ཏེ་སྐྱེར་པའི་ཕུང་པོ་གཉིས་ཀྱི་རྩ་བ་བཏོན་ཏེ་དེ་སྟེང་དུ་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཐིག་བཏབ་པས་ཇོ་བོ་རིན་པོ་ཆེ་དང་སངས་རྒྱས་བྱང་སེམས་ནམ་མཁའ་གང་བས་ཞལ་གཟིགས་ཤིང་གནས་ཕུན་སམ་ཚོགས་པར་བྱིན་གྱིས་བརླབས། ཧོར་ཟླ་གཉིས་པའི་ཚེས་བརྒྱད་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཉིན་རྭ་སྒྲེང་ནས་ཤར་ཕྱོགས་སུ་རྒྱང་གྲགས་གཅིག་ཙམ་གཞལ་བའི་ས་ནས་ཀླུ་རྣམས་ཀྱིས་ཤུག་པ་གསེར་མ་དང་གཡུ་མ་ཞེས་པ་གཉིས་དགེ་བཤེས་སྟོན་པར་དབུ་རྩེའི་ཀ་བར་ཕུལ་ཞེས་གྲགས། དེ་ལྟར་ཕྱོགས་བཞིར་ཀ་བ་གཉིས་གཉིས་ཏེ་བརྒྱད་དང་། ཟུར་བཞིར་བཞི་བཞི་སྟེ་བཅུ་དྲུག དབུས་སུ་གསེར་མ་དང་གཡུ་མ་གཉིས་བཅས་བཙུགས་ཤིང་སྟེང་དུ་རྒྱ་ཕིབ་བཅས་བཟོ་བཀོད་བསམ་གྱིས་མི་ཁྱབ་པ་མཛད། དེ་ལྟ་བུའི་དབུ་རྩེ་རིན་པོ་ཆེ་རྒྱ་ཕིབ་སྣ་ཚོགས་དང་ལྡན་པ་དེའི་འཁྱམས་སྟོད་ནས་ཀ་བ་བཅུ་གཉིས་ཕིབ་ནས་འདི་མན་ཆད་བྱེད་པོ་གཅིག་འོང་གི་གསུངས་ནས་འཕྲོར་བཞག་གོ། དེ་རྣམས་གྲུབ་པ་དང་རབ་ཏུ་གནས་པ་སྟོན་པ་རིན་པོ་ཆེས་མཛད་ཅིང་ཇོ་བོ་ཉིད་དང་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་ཞལ་གཟིགས་ཤིང་འཇའ་མཚོན་གྱི་གུར་དང་མེ་ཏོག་གི་ཆར་སོགས་རྟགས་ཡ་མཚན་ཅན་ཀུན་གྱིས་མངོན་གསུམ་དུ་མཐོང་ངོ་། དེ་རྗེས་ཤིང་འབྲུག་གི་ལོ་ལ་བྱ་འདབ་འོག་ཏུ་མཆོད་རྟེན་བརྒྱ་རྩ་བརྒྱད་དང་། དགོན་པའི་གཉའ་གོང་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས་ཏེ་དེ་དག་རེ་རེ་ལའང་ཇོ་བོའི་གདུང་ཐལ་ལས་གྲུབ་པའི་ས་ཚྭ་རེ་དང་སྟོན་པ་རང་གི་ཕྱག་ཕྲེང་རེ་བཞུགས། དེ་བཞིན་གཙུག་ལག་ཁང་གི་ནང་དང་དགོན་པའི་འོག་ཏུའང་དེ་བཞིན་གཤེགས་པའི་རིང་བསྲེལ་དང་དགེ་བཤེས་སྟོན་པ་རང་གི་ཕྱག་ཚྭ་འབུམ་ཕྲག་སོགས་བཞུགས་པའི་མཆོད་རྟེན་ཆེ་བ་རེ་བཞེངས། དགོན་གྱི་ཤར་བྱང་མཚམས་ཀྱི་རི་ལྡེབས་སུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་བའི་ས་དཔྱད་ཡོད་སར་འབྲོམ་རང་གི་བཞུགས་ཁྲི་དང་མདུན་དུ་ཆོས་ཉན་པ་པོ་བརྒྱ་ཙམ་གཤོང་བའི་ས་གཤངས་མཛད་ཅིང་རྣལ་འབྱོར་པ་ཆེན་པོ་སོགས་སློབ་བུ་རྣམས་ལ་བཀའ་གདམས་ཐིག་ལེ་བཅུ་དྲུག་དང་བྱང་ཆུབ་ལམ་སྒྲོན་སོགས་གསུངས། ཕྱིས་ཀྱི་དུས་སུ་ཡང་སྐྱབས་མགོན་རྒྱལ་དབང་ལྔ་པ་སོགས་གོང་ས་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་གནས་འདིར་འགྲོ་བ་རྣམས་ལ་ཆོས་ཀྱི་སྒོ་དུ་མ་གསུངས། དེ་རྗེས་སུ་གཙུག་ལག་ཁང་དུ་སངས་རྒྱས་ཀྱི་དུས་ཆེན་བཞིའི་མཆོད་པ་བཙུགས་པ་སོགས་མཛད་དེ་འབྲོམ་སྟོན་པའི་གདན་ས་ཆེན་སྡེ་ཆེན་པོ་འདི་ཉིད་སངས་རྒྱས་ཀྱི་བསྟན་པའི་སྲོག་ཤིང་དུ་གྱུར། འབྲོམ་སྟོན་ཆོས་ཀྱི་རྒྱལ་པོ་སྐུ་རང་ཉིད་ཀྱིས་འགྲོ་དོན་རྣམས་ལེགས་པར་གྲུབ་སྟེ་ཆོས་ཀྱི་གདན་ས་སྐུ་མཆེད་གསུམ་དང་གནས་ཀྱི་གདན་ས་རྣལ་འབྱོར་བ་ཆེན་པོ་དཔལ་ལྡན་དགོན་པ་བར་གཏད་དེ་ད་ནི་གཙུག་ལག་ཁང་ལེགས་པར་གྲུབ་ཅིང་གྲྭ་སྤྱིལ་ཡང་དྲུག་ཅུ་ལྷག་ཙམ་གྲུབ་འདུག ང་ཡི་རྗེས་སུ་འབྲང་བའི་སྐྱེ་བོ་རྣམས་དང་ཁྱད་པར་དུ་ཡང་སྐུ་མཆེད་གསུམ་སོགས་ལ་སངས་རྒྱས་ཀྱི་བསྟན་པ་མ་སྟོང་བར་དུ་ཁོ་བོའི་བསྟན་པའང་ནུབ་པར་མི་འགྱུར་བས་བདག་མེད་པ་ལ་ཁྱེད་རྣམས་སྐྱོ་ངལ་མ་མཛད་ཅིག་ཅེས་པ་སོགས་ཞལ་གདམ་དུ་མ་དང་བཅས་དགུང་ལོ་དྲུག་ཅུ་རེ་གཅིག་པ་ཤིང་འབྲུག་ལོའི་ཟླ་བ་5པའི་ཚེས་20ཉིན་དགའ་ལྡན་དུ་སྐུ་ཆོས་ཀྱི་དབྱིངས་སུ་གཤེགས་སོ།

          གསུམ་པ། གདན་ས་ཇི་ལྟར་བསྐྱངས་པའི་ཚུལ།
          དགེ་བཤེས་སྟོན་པ་རིན་པོ་ཆེ་སྐུ་མྱ་ངན་ལས་འདས་རྗེས་དཔོན་གྱད་པ་བྱ་བ་དང་། ཟུར་བུ་ཆོས་གྲགས་བྱ་བ་གཉིས་ཀྱིས་བདག་རྐྱེན་བྱས་ནས་དབུ་རྩེ་ཀ་གཉིས་མའི་ནུབ་ཕྱོགས་སུ་དབུ་རྩེ་ཀ་བ་བཅུ་དྲུག་ཡོད་པ་བཞེངས་ཤིང་དེའི་ཁྱམས་སྨད་ནི་སྒང་དབང་ཕྱུག་བྱ་བསམཛད། དབུ་རྩེ་ཀ་གཉིས་མ་བཞེངས་ནས་ལོ་དགུ་བཅུ་རྩ་གཉིས་སོང་བ་དང་ཞང་འོད་འཇོ་བ་རྭ་སྒྲེང་དུ་ཕེབས་ཏེ་རྭ་སྒྲེང་དང་འོད་འཇོ་གཉིས་ལོ་བཅུ་གཉིས་བར་བསྐྱངས། དུས་དེ་ཙ་ན་མདོ་སྨད་དབུས་གཙང་ཐམས་ཅད་ཀྱིས་ཞུ་བ་ནོར་གྱི་འབུལ་ས་དང་། སློབ་གཉེར་བྱེད་ས་ཀུན་གྱིས་བཀུར་བའི་དུས་གཅིག་བྱུང་ངོ། དེའི་རྗེས་སུ་ཞང་ཕྲང་ཀ་བེར་ཆུང་གི་ཡང་ཚ་དཔོན་སྲི་བོ་གཞོན་ཚུལ་བྱ་བས་སྤྱིར་རྭ་སྒྲེང་ལ་ཞབས་ཏོག་དཔག་ཏུ་མེད་པ་མཛད་ཅིང་ཁྱད་པར་དབུ་རྩེ་ཀ་བ་ཉེར་བཞི་མ་ཞིག་བཞེངས། དེའི་རྗེས་སུ་དགོན་འོད་འཇོ་བས་གདན་ས་ལོ་བཅུ་དྲུག་བསྐྱངས། དེ་རྗེས་སུ་རྒྱ་འདུལ་བ་འཛིན་པས་ལོ་གཅིག་བསྐྱངས། དེའི་རྗེས་སུ་སློན་པོ་ཇོ་དན་གཙང་པ་ཞེས་བྱ་བས་ལོ་ལྔ་བསྐྱངས། དེ་ནས་སློན་པོ་ཀོ་ཁྱིམ་པས་ལོ་གསུམ་བསྐྱངས། དེ་རྗེས་སློན་པོ་སྣ་ར་བས་ལོ་བཅུ་བཞི་བསྐྱངས། དེའི་རྗེས་སུ་སློན་པོ་གུར་སྟོན་གདན་སར་བྱོན་ཏེ་ལོ་བཅོ་ལྔ་བསྐྱངས། ཁྱད་པར་དུ་དབུ་རྩེ་སྣ་ལྔ་རིམ་གྱིས་བཞེངས་པའི་ཁྱམས་སྐོར་སོགས་ལ་ཞིག་གསོས་ཕུན་སུམ་ཚོགས་པར་མཛད། འོན་ཀྱང་ཕྱིས་ཀྱི་དུས་སུ་མེ་སྐྱོན་བྱུང་བའི་རྐྱེན་གྱིས་དགོན་ཉམས་ཆག་ཆེན་པོ་བྱུང་བར་བརྟེན་བྱ་བཏང་རིན་ཆེན་བཟང་པོ་དང་འཇམ་དབྱངས་རིན་ཆེན་གྲགས་པ་གཉིས་ཀྱིས་ལྕགས་མོ་ཡོས་ཀྱི་ལོ་དཔྱིད་ཟླ་འབྲིང་པོའི་ཚེས་གཅིག་ནས་འགོ་བཙུགས་ཏེ་གཙུག་ལག་ཁང་དང་བརྟེན་གསུམ་བཅས་ཉམས་གསོ་མཛད་དེ་དབྱར་ཐོག་གཅིག་གི་རིང་ལ་ལེགས་པར་འགྲུབ་ཅིང་རབ་ཏུ་གནས་པའང་མཛད། ཕྱིས་སུ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཡང་ཡང་ཕེབས་ཏེ་ཟླ་བ་རེ་གཉིས་དེར་བཞུགས་ཏེ་ལྷ་ཆོས་ཀྱིས་སྒོ་ནས་བསྐྱངས། ཁྱད་པར་ལྕགས་སྟག་ལོར་འབྲོམ་ཉིད་ཀྱིས་ཡང་སྲིད་སྐྱབས་མགོན་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་འཇིག་མེད་གོ་ཆ་ཐུབ་བསྟན་ལང་འཚོའི་སྡེས་རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་བཀའ་གདམ་གསར་རྙིང་གཉིས་ཀའི་བསྟན་པའི་རྩ་ལག་ཏུ་དགོངས་ཏེ་རྗེས་སུ་བརྩེ་བ་བླ་ན་མེད་པས་གཙུག་ལག་ཁང་སོགས་ལ་ཞིག་གསོས་དཔག་ཏུ་མེད་པ་མཛད། དེ་རྗེས་རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོའི་ཡོངས་འཛིན་དགའ་ལྡན་ཁྲི་ཐོག་ང་བཞི་པ་དག་དབང་མཆོག་ལྡན་གྱིས་རྭ་སྒྲེང་དགོན་པ་སྒེར་འཛིན་དུ་གསོལ་རས་ཞུས་པ་ལྟར་ཁོང་ལ་སྒེར་འཛིན་དུའབུལ་གནང་མཛད། ཁྲི་ཆེན་ངག་དབང་མཆོག་ལྡན་སྐུ་འདས་རྗེས་སྤྲུལ་སྐུ་ཁྲི་ཆེན་བསྟན་པ་རབ་རྒྱས་ལ་ཆིང་རྒྱལ་རབས་ཀྱི་གོང་མ་ཅཱ་ཆིང་ཁྲི་ལོ་ཉི་ཤུ་པ། རབ་བྱུང་བཅུ་བཞིནཔའི་ཤིང་ཕག་﹙སྤྱི་ལོ་1865﹚ལོར་གོང་མ་ཅཱ་ཆིང་གིས་སླར་ཡང་རྭ་སྒྲེང་དགོན་པ་དེ་རྭ་སྒྲེང་ཧོ་ཐོག་ཐུ་སྐུ་ཕྲེང་རིམ་བྱོན་ལ་སྒེར་འཛིན་དུ་གནང་། དེ་ནས་བཟུང་དགོན་པ་འདི་ཁྲི་ཆེན་སྐུ་ཕྲེང་རིམ་བྱོན་གྱིས་བརྩེ་བ་བླ་ན་མེད་པའི་སྒོ་ནས་བསྐྱངས། དགོན་པ་དེ་ནི་བཀའ་གདམ་པའི་དགོན་པ་སྔ་ཤོས་དང་། མ་དགོན། བཀའ་གདམ་བསྟན་པའི་ཕྱག་བཞེས་ལྷུར་ལེན་པ། བཀའ་གདམ་བླ་མ་རྣམས་ཀྱི་སྐྱོང་ཞིང་འཇམ་མགོན་བླ་མ་ཆེན་པོ་ཙོང་ཁ་བས་ཀྱང་གནས་དེ་ཁྱད་དུ་འཕགས་པར་དགོངས་ཏེ་དེར་ཕེབས་ཤིང་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་བརྩམས་པར་མཛད་དོ།
          བཞི་པ། རྟེན་གཙོ་ཇོ་བོ་འཇམ་དཔལ་རྡོ་རྗེའི་ལོ་རྒྱུས།
          དེ་ལྟར་རྭ་སྒྲེང་རྒྱལ་བའི་དབེན་གནས་ཞེས་བྱ་བ་གནས་ཆེན་བརྒྱ་རྩ་བརྒྱད་ཀྱི་འགོ་བོ། གངས་ཅན་པ་ཀུན་གྱི་སྤྱི་ཆོས་ཆུ་མིག་བརྒྱ་རྩ་བརྒྱད་ཀྱི་འགོ་བོ། བཀའ་གདམ་པ་ཀུན་གྱི་སྤྱི་མེས་གྲངས་མེད་རྒྱལ་བས་ལུང་བསྟན་པའི་གནས་འདིར་བརྟེན་གསུམ་བྱིན་ཅན་གྲངས་ལས་འདས་པ་བཞུགས་ཡོད་པའི་ནང་ནས་ཁྱད་དུ་འཕཊ་པ་ཇོ་བོ་འཇམ་དཔལ་རྡོ་རྗེ་དེ་ཡང་སྐུ་གསུང་ཐུགས་རྟེན་གཞན་དང་འདྲ་བར་ལོ་བཅུའི་ཟང་ཟིང་ནང་གཏོར་སྐྱོན་བོར་བརླགས་སུ་སོང་རུང་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚངས་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་ཚུན་ཏང་གི་མཛད་ཕྱོགས་སྲིད་ཇུས་ཁག་དོན་འཁྱོལ་བྱུང་སྟེ་རྭ་སྒྲེང་དགོན་དེ་ཡང་བོད་ས་ཁུལ་གྱི་དགོན་གནས་གཞན་དང་འདྲ་བར་སླར་གསོ་བྱུང་བ་མ་ཟད་ལྷག་པར་དུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཐུགས་རྗེས་ལོ་མང་རིང་མཇལ་རྒྱུ་མེད་པའི་ཇོ་བོ་འཇམ་དཔལ་རྡོ་རྗེ་དེ་སླར་ཡང་རྭ་སྒྲེང་དཔལ་གྱི་གཙུགས་ལག་ཁང་དུ་གདན་ཞུ་ཐུབ་ནས་བསྟན་འགྲོར་སྨན་པ་བྱུང་བས་འདིར་ཡང་ཇོ་བོ་འཇམ་དཔལ་རྡོ་རྗེའི་ལོ་རྒྱུས་རྒྱ་མཚོ་ལྟ་བུ་ཡོད་པ་ལས་ཆུ་ཐིགས་ཀྱི་ཆ་ཤས་ཙམ་རང་བཟོའི་བསྲེས་ལྷད་དང་བྲལ་བ་མདོ་རྒྱུད་ནས་བྱུང་བ་ལྟར་བརྗོད་པར་བྱ་བ་ནི། སྔོན་རིགས་གསུམ་མགོན་པོས་རི་བོ་པོ་ཏ་ལར་སེམས་ཅན་མ་རིག་པས་ལྡོང་ཤིང་སྡུག་བསྔལ་གྱི་གཟིར་བ་རྣམས་སྐྱོབ་ཅིང་མཐའ་འཁོབ་འདུལ་བའི་ལྷ་གཅིག་བཞེངས་བར་བཞེད་ནས་འཇམ་དཔལ་རྡོ་རྗེ་ལྷ་དགུ་ལ་གསོལ་བ་བཏབ་པས་འཇམ་དཔལ་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་གིས་འདུལ་བའི་སྣང་བ་ཐོབ་པར་གྲགས། དེ་ཡང་འདི་ལྟ་སྟེ། པོ་ཏ་ལ་ཡི་ཕོ་བྲང་དུ། རྗེ་བཙུན་སྤྱན་རས་གཟིགས་དབང་ལ། གསང་བའི་བདག་པོས་མངའ་གསོལ་བ། མཐའ་འཁོབ་སྐྱེ་བོ་འདུལ་བའི་ཕྱིར། འཇམ་དཔལ་རྡོ་རྗེ་འཛིན་པ་འདི། ནོར་བུ་རིན་ཆེན་དུ་མ་ལས། སྤྱན་རས་གཟིགས་ཀྱིས་མངོན་སུམ་དུ། སྐྲོངས་སྐྱེད་ཆེན་པོས་བཞེངས་པ་ལས། རབ་གནས་འོད་དཔག་མེད་པ་དང་། རིགས་གསུམ་མགོན་པོས་དངོས་སུ་མཛད། བདེ་བ་ཅན་དུ་སྤྱན་དྲངས་ནས། མི་ལོ་ལྔ་བརྒྱ་བཞུགས་ཞེས་གྲགས། འོད་དཔག་མེད་ཀྱི་ཐུགས་དམ་ཡིན། ལྕང་ལོ་ཅན་དུ་སྤྱན་དྲངས་ནས། མི་ལོ་ལྔ་བརྒྱ་བཞུགས་ཞེས་གྲགས། ཕྱག་ན་རྡོ་རྗེའི་ཐུགས་དམ་ཡིན། པོ་ཏ་ལ་རུ་སླར་བྱོན་ནས། མི་ལོ་ལྔ་བརྒྱ་བཞུགས་ཞེས་གྲགས། སྤྱན་རས་གཟིགས་ཀྱི་ཐུགས་དམ་ཡི། མཐའ་འཁོབ་འདུལ་བར་བྱིན་གྱིས་བརླབས། རི་བོ་རྩེ་ལྔ་དག་ལ་བྱོན། འཇམ་དཔལ་དཔའ་བོས་རབ་གནས་མཛད། མཐའ་འཁོབ་འདུལ་བར་བྱིན་གྱིས་བརླབས། མི་ལོ་ལྔ་བརྒྱ་བཞུགས་ཞེས་གྲགས། དེ་ནས་ཨོ་རྒྱན་ཡུལ་དུ་བྱོན། ཨིནྡྲ་བོ་ངྷིའི་ཐུགས་དམ་མཛད། མི་ལོ་ལྔ་བཅུ་བཞུག་ཞེས་གྲགས། མཐའ་འཁོབ་འདུལ་བར་བྱིན་གྱིས་བརླབས། དེ་རྗེས་ལྕམ་མོ་ལེགས་དམན་གྱིས། ཨོ་རྒྱན་ཡུལ་དུ་ཐུགས་དམ་མཛད། དེ་ནས་ཀླུ་མོ་རྣལ་འབྱོར་མས། མི་ལོ་ལྔ་བཅུ་ཐུགས་དམ་མཛད། དེ་ཡིས་ས་ར་ཧ་ལ་གནང་། མི་ལོ་སུམ་ཅུ་ཐུགས་དམ་མཛད། དེ་ནས་ཀླུ་སྒྲུབ་སྙིང་པོ་ཡིས། མི་ལོ་ཉིས་བརྒྱ་ཐུགས་དམ་མཛད། དེ་ནས་ཙནྡྲ་ཀིར་ཏི་ཡིས། མི་ལོ་བརྒྱ་ཙམ་ཐུགས་དམ་མཛད། དེ་ཡིས་བིརྺ་པ་ལ་གནང་། མི་ལོ་སུམ་ཅུ་ཐུགས་དམ་མཛད། དེ་ཡིས་མི་ཏྲི་པ་ལ་གནང་། མི་ལོ་ཉི་ཤུ་ཐུགས་དམ་མཛད། དེ་ནས་ལི་ཡི་ཡུལ་དུ་བྱོན། ཆོས་རྒྱལ་དཀོན་མཆོག་འཕེལ་གྱིས་ཀྱང་། མི་ལོ་སུམ་ཅུ་ལྷ་དེ་མཆོད། ཅེས་པར་གྲགས་ཤིང་གྲུབ་ལ་དེ་རྗེས་སུ་རྒྱལ་པོ་དགེ་བའི་བློ་གྲོས་ཀྱིས་ཐུགས་དམ་གྱི་རྟེན་དུ་བཞུགས་ལོ་ལྔ་བཅུ་ཙམ་སོང་བའི་ཚེ་པཎྜི་ཏ་ཆེན་པོ་ཇོ་བོ་དི་བམ་ཀ་ར་བོད་བསིལ་ལྡན་ལྗོངས་སུ་འབྱོན་པ་ལ་ཉེ་བ་ན་སྤྲུལ་པའི་ཁྱིའུ་འབྲོག་ཕྲུག་ཡིད་དུ་འོང་བའི་རྣམ་པ་ཅན་ཞིག་གིས་རྒྱལ་པོ་དགེ་བའི་བློ་གྲོས་སར་བྱོན་ཏེ་མཐའ་འཁོབ་འདུལ་བའི་ཕྱིར་བཞེངས་པའི་ཇོ་བོའི་སྐུ་བརྙན་དེ་བདག་ལ་སྐུར་ཞིག་རྭ་སྒྲེང་གི་གཙུག་ལག་ཁང་ཀ་བ་བརྒྱ་དང་བཞི་བཅུ་ལྷག་པར་བཞུགས་ཏེ་མེ་ཏོག་ཤང་ཤང་གི་ཚལ་དུ་སྤང་སྤོས་དང་ཤུག་པའི་ནགས། ཆུ་བོའི་ཡོན་ཆབ། བྱ་ཚོགས་ཀྱི་སྐད་སྙན། རྒྱལ་སྲིད་སྣ་བདུན་གྱིས་རྟག་དུ་མཆོད་ཅིང་འཕགས་པའི་དགེ་འདུན་བརྒྱ་མཚོས་བཀུར་སྟི་བྱའོ་ཞེས་གསུངས་པས། རྒྱལ་པོ་དགེ་བའི་བློ་གྲོས་ཀྱིས་ཐུགས་འཕྲེང་བཞིན་དུ་ཉིན་ལམ་མང་པོའི་སར་སྲིད་ཞུ་དང་བཀུར་སྟི་ཆེན་པོས་བསྐྱེལ་མ་མཛད། བལ་པོའི་ཡུལ་དུ་ཕེབས་པ་ན། ཁྱིའུ་ཆུང་དེས་ཕད་བུའི་ནང་དུ་བཅུག་སྟེ་རྟེན་གསུམ་ཐམས་ཅད་ཀྱི་སྟེང་དུ་བཞག་པས་གཞན་རྣམས་ཀྱིས་དེ་ལྟར་མི་འོས་ཞེས་བརྗོད་པས། ཁྱིའུ་ཞལ་ནས། འབྱོར་པོ་མི་ལ་མི་དགོས་ཀྱང་། འབྲོག་སྟོང་ཡུལ་དུ་དགོས་དུས་ཡོང་། གཞན་ལ་མི་རིག་རྒྱང་ངེར་འཇོག གསུངས་ནས་ནམ་མཁའ་བརྟེན་མེད་ལ་བཞག་པས་ཀུན་ངོ་མཚར་སྐྱེས་ནས་འདིའི་ནང་དུཅི་ཡོད་ཅེས་དྲིས་པས་ཁྱིའུ་ཆུང་དེས། མ་བསྐོར་དགུ་བསྐོར་རྒྱགས་ཕྱེ་ཡོད། མི་ལག་བརྒྱུད་པའི་སྙིང་པོ་ཡོད། སུ་ལའང་མ་ཕྲིན་མ་མཁོ་ཡོད། འབག་འབུག་མེད་པའི་མི་ཆུང་ཡོད། འཁྱོག་འགུལ་མེད་པའི་ལག་པ་ཡོད། གང་ལའང་མི་འཕོག་མདའ་གཞུ་ཡོད། མ་ཚགས་དགུ་ཚགས་ལག་ཆ་ཡོད། འདི་ནང་མི་ཡོད་དགུ་ཡོད་དོ། ཅེས་ཆལ་ཆོལ་གྱི་ཚིག་སྨྲས་པས་བྱིས་པའི་རྩེད་ཆས་ཞིག་ཡོད་པར་འདུག་ཟེར་ནས་སྣང་མེད་བྱས། དེ་ལྟར་འབད་པ་ཆེན་པོས་གདན་དྲངས་པས་ཇོ་བོ་འཇམ་རྡོར་གྱི་སྐུ་བརྙན་ཁྱད་དུ་འཕགས་པ་དེ་ཇོ་བོ་པཎྜི་ཏས་ལོ་མང་རིང་ཐུགས་དམ་གྱི་རྟེན་མཛད། དེ་ནས་སྲས་ཀྱི་མཐུ་བོ་རྒྱལ་བ་འབྲོམ་སྟོན་པར་གནང་། རྗེས་སོར་ཇོ་བོ་པནྜི་ཏ་དང་འབྲོམ་སྟོན་རྣམ་གཉིས་བསམ་ཡས་སུ་བཞུགས་བའི་སྐབས་ཤིག་ཏུ་ཞང་ཕྲང་ཀ་བེར་ཆུང་ནས་འབྲོམ་སྟོན་གདན་འདྲེན་དུ་བྱོན་པ་ན་འབྲོམ་ནས་ང་འོང་མི་ཁོམ། ཇོ་བོ་སྐུ་ན་མཐོ་ཞིང་སྐུ་གཅོང་མངའ་བས་ཞབས་ཏོག་བྱ་རྒྱུ་གལ་ཆེ། ང་ཇོ་བོ་དང་ཤི་བྲལ་བྱེད། དེ་ནས་མ་ཤི་ན་ཁྱོད་ཀྱི་མཆོད་གནས་བྱའོ། དེ་བར་འདི་རྣམས་དགོངས་ཤིག་ཅེས་ཚིག་སུ་བཅད་པའི་གདམ་ངག་དང་ཆབ་ཅིག་ཁྱད་དུ་འཕགས་པའི་རྟེན་འཇམ་དཔལ་རྡོ་རྗེ་ཡང་བསྐུར་བར་མཛད། ཕྱིས་རྒྱལ་བ་འབྲོམ་སྟོན་པས་གསེར་འཕྱང་ཞེས་པ་མེ་བྱ་﹙སྤྱི་ལོ་1057﹚ལོར་རྭ་སྒྲེང་གི་གཙུག་ལག་ཁང་བཏབ་ནས་དེའི་རྟེན་གྱི་གཙོ་བོར་བཞུགས་སུ་གསོལ་བར་མཛད། གཞན་ཡང་ཇོ་བོ་དེ་ཉིད་ཀྱི་ལོ་རྒྱུས་ལྟར་ན་སྔ་ཕྱི་མ་ངེས་པར་གསུང་དུ་མ་བྱོན་པར་གསུངས་ཏེ། ལི་ཡུལ་དུ་བཞུགས་སྐབས་རྒྱལ་པོ་དཀོན་མཆོག་འཕེལ་ལ་གར་ལོག་དམག་གིས་གཙེས་པའི་ཚེ་འཇམ་དཔལ་མཆོད་པ་དང་གསོལ་བ་བཏབ་པས་འཇམ་དཔལ་མཛུམ་མདངས་ཕྱུང་སྟེ། རྒྱལ་པོ་ལ་མ་འཇིགས་རང་སེམས་ལྷོད། ཡི་དམ་ལ་བློས་འཁེལ་ན་དགྲ་ཡི་འཇིག་པ་སྨོས་ཅི་དགོས། འཁོར་བའི་ཡུལ་ངོ་ཡིན་ཀྱང་ཟློག་པར་ངེས་པས་གར་ལོག་དམག་རྣམས་ངེས་པར་ཕམ་པར་འགྱུར། ཞེས་གསུམ་དངོས་སུ་བྱོན། གཞན་ཡང་མངའ་རིས་སྐོར་ནས་རྭ་སྒྲེང་བར་དུ་སྣང་བ་དག་པ་རྣམས་ལ་འོད་ཟེར་གྱི་སྣེ་ལས་ཆོས་གསུངས་པ་བསམ་གྱིས་མི་ཁྱབས། ཁྱད་པར་དུ་ཡང་རིན་ཆེན་སྒང་པ་སངས་རྒྱས་དཔོན། ཇ་ཡུལ་བ་ཚེ་རིང་། ལྷ་སྡིངས་པ་སོགས་སྒོམ་ཆེན་དད་པ་ཅན་རྣམས་ལ་ཆོས་མང་དུ་གསུངས། ཕྱིས་སུ་ཁུ་སྟོན་རིན་པོ་ཆེའི་ཡང་སྲིད་ཁྲི་རིན་པོ་ཆེ་དཔལ་འབྱོར་རྒྱ་མཚོ་རྭ་སྒྲེང་དུ་གནས་གཟིགས་ལ་ཕེབས་དུས་ཀ་གཉིས་མའི་ནང་དུ་ཕྱག་ལྷམ་མ་ཕུད་པར་བྱོན་པས་ཇོ་བོའི་ཞལ་ནས་བརྩོན་འགྲུས་གཡུང་དྲུང་ཁྱོད་ངའི་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ནང་དུ་ལྷམམ་ཕུད་པར་ཡོང་བ་ཅི་ཡིན་ཞེས་གསུངས་བྱོན་པ་སོགས་མཆོག་གི་སྤྲུལ་པའི་སྐུ་དངོས་དང་ཁྱད་པར་ཅུང་ཟད་ཙམ་ཡང་མ་མཆིས་པ་བྱིན་བརླབས་ཀྱི་གཟི་བྱིན་མཆོག་ཏུ་འབར་ཞིང་མཐོང་ཐོས་དྲན་རེག་གིས་གདུལ་བྱ་མཐའ་དག་ལ་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་གྲགས་སོ།
                  འདི་ལྟར་འབད་པས་ཡི་གེ་བསྐྲུན་ལགས་ཀྱང་།།      ལོ་རྒྱུས་རྒྱ་མཚོའི་གཏིང་མཐའ་དཔོག་དཀའ་བས།།
                   མ་རྟོགས་ལོག་རྟོགས་ནོངས་པ་ཅི་མཆིས་པ།།      གཟུར་གནས་རྣམ་དཔྱོད་མཁས་པའི་སྤྱན་སྔར་འཆག།།
                   མངོན་སུམ་གསལ་བའི་ལོ་རྒྱུས་མེ་ལོང་ནང་།།      མངོན་པར་གསལ་བའི་ཁྱད་འཕགས་བྱུང་བ་ཡི།།
                   མངོན་དུ་ཕྱོགས་ནས་བརྩོན་པས་བྲིས་པ་འདི།།      མངོན་སུམ་ལོ་རྒྱུས་དཔྱད་པོར་དོན་ལྡན་ཤོག།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005