གནས་ཡུལ། མདུན་ངོས། དགོན་པ།
 
 
༄༅།། གསང་ཕུ་ནེའུ་ཐོག་དགོན་གྱི་ལོ་རྒྱུས་མདོ་ཙམ་གླེང་བ།
སྤེལ་དུས།2017-08-02   ཡོང་ཁུངས་།ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། སྣང་མཛོད་ཀྱིས་བསྒྲིགས།
        གདན་ས་དེ་ནི་ཇོ་རྔོག་འབྲོམ་གསུམ་གྱི་ནང་ཚན་རྔོག་ལེགས་པའི་ཤེས་རབ་ཀྱིས་རབ་བྱུང་དང་པོའི་ཆུ་གླང་﹙སྤྱི་ལོ1073﹚ལོར་ཕྱག་བཏབ་པ་ཡིན་ལ། ཇོ་བོ་རྗེས་སྙེ་ཐང་དུ་བཞུགས་སྐབས་ད་ལྟའི་སང་ཕུའི་རི་དེ་ལ་ཕྱག་མཛུབ་བསྟན་ཏེ་ཡ་གིའི་ཕུ་དེར་དུང་གཡས་འཁྱིལ་འདྲ་བ་དང་། སྟོན་པ་བཅོམ་ལྡན་འདས་དཔང་པོར་བཞུགས་པ་ལ་བྱམས་པ་དང་འཇམ་དབྱངས་གཉིས་ཀྱིས་དྲང་ངེས་ཀྱི་ཆོས་ལ་བགྲོ་གླེང་མཛད་པ་འདྲ་བ་ཞིག་འདུག་པས་ལེགས་པའི་ཤེས་རབ་ཁྱོད་ཀྱིས་དགོན་པ་ཞིག་བཏབ་སྟེ་འཆད་ཉན་བཙུགས་ན་བསྟན་པ་ལ་ཕན་པ་རྒྱ་ཆེར་ཡོང་བ་འདུག་ཅེས་བཀའ་སྩལ་གནང་། ལེགས་པའི་ཤེས་རབ་ནས། འོ་ན་རེ་ཞིག་བར་གཞན་ལ་མི་གསུང་བར་གསང་བ་མཛོད་ཅིག་ཞུས་པས། ཕྱིས་དགོན་པའི་མིང་ལའང་གསང་ཕུ་ཞེས་ཐོགས། དགོན་པ་བཞེངས་དུས་ཐོག་མར་བྲག་ནག་ཏུ་བཏབ་ཀྱང་ཕྱིས་དེར་མ་ཡིན་པ་མཁྱེན་ནས་ནེའུ་ཐོག་ཏུ་བཏབ། ཉེར་དཔྱད་ནེའུ་ལེས་བསྐྱལ་བས་ནེའུ་ཐོག་ཏུ་གྲགས། དེ་ལྟ་བུའི་དགོན་པ་དེ་ནི་སྔ་དུས་ཀྱི་གདན་ས་ཆེན་པོ་དྲུག་﹙གསང་བདེ་གུང་གསུམ། དགའ་སྐྱོར་ཟུལ་གསུམ་﹚གི་གྲས་ཤིག་ཡིན་པར་མ་ཟད། བཤད་གྲྭ་དར་ཆེ་ཤོས། བོད་ཀྱི་མཁས་པ་རིན་པོ་ཆེའི་འབྱུང་གནས་ཀྱི་རྒྱ་མཚོ་ཡང་ཡིན། དགོན་པ་དེའི་ནང་ཚོགས་ཆེན་གཅིག་དང་། གྲ་ཚང་བཅུ་གཅིག་ཡོད། འདུ་ཁང་ཆེན་པོའི་ནང་དུ་རྟེན་གཙོར་དུས་གསུམ་སངས་རྒྱས་དང་། ཉེ་བའི་སྲས་ཆེན་བརྒྱད། འཕགས་པའི་གནས་བརྟན་བཅུ་དྲུག་སོགས་དང་། གསུང་རྟེན་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། བསྟན་འགྱུར། ས་དགེ་སོ་སོའི་ཡིག་ཆ་སོགས་དང་། ཐུགས་ཀྱི་རྟེན་དུ་བཀའ་གདམས་མཆོད་རྟེན་ལི་མ་ཐོག་ཚད་དུ་མ་སོགས་མང་། གྲ་ཚང་བཅུ་གཅིག་ནི་གླིང་སྟོད་གྲ་ཚང་ལྔ་དང་། གླིང་སྨད་གྲ་ཚང་དྲུག་གོ། དང་པོ་ལྔ་ནི། སྤེལ་སེར། ཉི་མ་ཐང། དྭགས་པོ་གྲ་ཚང། རྣམ་རྒྱལ་གསེར་ཁང་། ཁུ་སྤེ་བཅས་སོ། གཉིས་པ་དྲུག་ནི། སྒྲོབ་སྙིང་བ། གཞི་བ། ཉང་རོང་། གནས་སྒོ་བ། སྒྲོས་གསར་བ། ར་བ་སྟོད་སྨད་བཅས་སོ། ཡང་གནས་སྒོ་བ་ལ་གསུམ་དུ་ཕྱེ་ན་གྲ་ཚང་བཅུ་གསུམ་ཡོད། ཐོག་མར་བཀའ་གདམས་རྙིང་མའི་དགོན་པ་ཡིན་ཡང་། ཕྱིས་སུ་གདན་ས་པ་བརྒྱད་པ་དང་དགུ་པར་གཉལ་པ་དད་པ་བཟང་པོ་དང་འཇམ་བཙན་ནེ་གཉིས་ཀྱི་དུས་སུ་གླིང་སྟོད་དང་གླིང་སྨད་གཉིས་སུ་གྱེས་པ་དང་། དེ་རྗེས་ས་དགེ་གཉིས་སུ་གྱེས་ནས་ས་སྐྱ་བ་བདུན་དང་། དགེ་ལུགས་པ་བཞི་ཡོད། བཞི་ནི་སྤེལ་སེར་དང་། ཉི་མ་ཐར། ར་བ་སྟོད་པ། ཉང་རོང་བཅས་སོ། ར་བ་སྟོད་པ་ནི་གསང་ཕུའི་གདན་རབས་ཀུན་མཁྱེན་ཡོན་ཏན་རྒྱ་མཚོས་མཛད་སྐབས་ཁོང་གིས་གསང་ཕུའི་གདན་ས་པ་དང་གླིང་སྨད་ཆོས་རྗེ་ཟུང་འབྲེལ་གནང་། དགེ་འདུན་ཕལ་ཆེ་བས་རྗེ་བླ་མར་དད་ཀྱང་ཉུང་ཤས་ཀྱིས་སུན་འབྱིན་བྱུ་བར་བརྟེན་གྲ་ཚང་གི་སྟོད་དུ་རྡོའི་རྭ་བ་བསྐོངས་ཏེ་ཆོས་འཆད་ཉན་གནང་བས་ར་བ་སྟོད་ཅེས་གྲགས། དེ་ནས་རིམ་པར་འཕེལ་རྒྱས་སུ་སོང་སྟེ་སྙེ་ཐང་བདེ་བ་ཅན་དུ་གནས་སྤོས་ནས་ད་ལྟ་ར་སྟོད་གྲ་ཚང་ཞེས་པ་དེ་ཡིན། ཉང་རོང་གྲ་ཚང་ནི་ཕྱིས་སུ་དགའ་ལྡན་དུ་སྤོས་ནས་འཆད་ཉན་མཛད། དུས་རབས་འགའ་ཞིག་སོང་རྗེས་ཤར་རྩེ་གྲང་ཚང་དུ་སྒྲིལ་ནས་ཉང་རོང་ཁང་ཚན་ཞེས་པ་ད་ལྟའང་ཡོད། ར་བ་སྨད་གྲ་ཚང་ནི་ལྷོ་ཁར་གནས་སྤོས་ཏེ་གོང་དཀར་རྫོང་གི་ཁོངས་སུ་ཡོད་པའི་ས་སྐྱའི་དགོན་པ་ཞིག་ཡིན། ས་སྐྱ་བ་རྣམས་ཀྱི་རོང་སྟོན་ཤཱཀྱ་རྒྱལ་མཚན་དང་གོའུ་རབ་འབྱམས་པ་བསོད་ནམས་སེང་གེ་སོགས་ཀྱི་ཡིག་ཆའི་ཐོག་ནས་སློབ་གཉེར་གནང་། དགེ་ལུགས་པ་རྣམས་ཀྱིས་རྗེ་ཡབ་སྲས་དང་། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དང་། པཎ་ཆེན་བསོད་ནམས་གྲགས་པ་སོགས་ཀྱི་ཡིག་ཆ་ལ་སློབ་གཉེར་མཛད། བོད་ཟླ་བཞི་པའི་ནང་ལོ་རེ་ལ་ཐེངས་རེ་དགའ་ལྡན་ཤར་རྩེ་དང་ར་བ་སྟོད་པ་གཉིས་ཀྱ་གསང་ཕུ་དབྱར་ཆོས་ལ་ཕེབས་དགོས། དེ་བཞིན་འབྲས་སྤུངས་བློ་གླིང་དང་སེར་སྨད་གྲ་ཚང་གཉིས་ཀྱང་ཉིན་གཅིག་ཕེབས་སྲོལ་ཡོད། དགོན་པ་དེའི་བསྟན་སྲུང་ཆོས་སྐྱོང་ཆེན་པོ་བསེའི་ཁྲབ་ཅན་ནི་དགེ་ལུགས་པ་དང་ས་སྐྱའི་གྲ་ཚང་ཐམས་ཅད་ཀྱིས་སྲུང་མར་བསྟེན་ཏེ་ར་བ་སྟོད་པ་དང་ར་བ་སྨད་པ་གཉིས་ལ་སྐུ་རྟེན་རེ་ཡང་ཡོད། དེ་ནི་རྔོག་ལོ་བློ་ལྡན་ཤེས་རབ་ཀྱིས་རྒྱ་གར་ནས་གདན་དྲངས་ཏེ་དགོན་པའི་སྲུང་མར་བཀོད་དེ་རབ་གནས་མཛད། རྒྱ་གར་གྱི་ནགས་ཚལ་དང་འདྲ་བ་དགོན་པའི་ལྷོ་ནུབ་རིའི་ལྡེབས་སུ་ཤིང་ནགས་སྟུག་པོ་ཕུན་སུམ་ཚོགས་པོ་ཞིག་ཡོད་པ་དེ་ཡང་རྔོག་ལོ་ཆེན་པོས་བསྟན་སྲུང་དེ་ཉིད་མཉེས་པའི་ཆེད་དུ་རང་གི་དབུ་ལོ་རི་ལྡེབས་སུ་གཏོར་ཏེ་སྐྱེད་པ་ཡིན་ཞེས་གྲགས། རྔོག་ལེགས་པའི་ཤེས་རབ་ཀྱིས་གཙུགས་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་ནས་འཆད་ཉན་གནང་བས་ཐོག་མར་དགེ་འདུན་ལྔ་བརྒྱ་ཙམ་འདུས། དེ་ནས་རིམ་པར་འཕེལ་རྒྱས་སུ་སོང། རང་གི་སློབ་མ་ཞང་ཚེས་སྤོང་ལ་གདན་ས་གཏད། དེ་ནས་གཉལ་པ་རི་ལུ། རྣམ་འཕར་བ། ཕྱྭ་པ་ཆོས་ཀྱི་སེང་གེའི་དུས་སུ་འཛིན་གྲྭ་བསྐོར་ནས་བཞུགས་པ་ལ་ཕྱིར་རྒོལ་གྱིས་ཡར་བཞེངས་ཏེ་གཟན་ཕྱེད་ཕབས་ནས་ངྷི༔་སྐད་གཏོང་བ་དང་གཟན་སྐེད་པར་དཀྲིས། ཕྱག་གཉིས་བརྡབ་པ་དང་རྐང་པ་ཡ་གཅིག་བརྡབ་པ་སོགས་བྱས་ནས་དྲི་བ་བཏོན། དམ་བཅའ་བས་ཕྱིར་རྒོལ་གྱི་དྲི་བ་ལ་ལན་འདེབས་པ་དང་། ལུང་རིགས་དང་འགལ་ན་ཕྱིར་རྒོལ་གྱིས་འཁོར་གསུམ་བསྐོར་བ་དང་། ལུང་འདྲེན་པ་ཚ་བརྒྱབ་པ་སོགས་ཀྱི་སྲོལ་བཙུགས་ཏེ་ད་ལྟའི་བར་དུ་བོད་གངས་ཅན་ལྗོངས་སུ་མཚན་ཉིད་ཀྱི་གྲ་ཚང་ཐམས་ཅད་དུ་དར་རྒྱས་སུ་གྱུར་ཏོ། རྔོག་ལེགས་པའི་ཤེས་རབ་རང་གི་དབོན་པོ་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་རྒྱ་གར་ཤར་ནུབ། བལ་པོ། ཁ་ཆེའི་ཡུལ་དུ་པཎྜི་ཏ་དུ་མའི་ཞབས་ལ་གཏུགས་ཏེ་སྡེ་སྣོད་གསུམ་ལ་དབང་བསྒྱུར། བོད་དུ་ཕེབས་ནས་བཀའ་བསྟན་མང་པོ་བསྒྱུར། གསང་ཕུར་འཆད་ཉན་གནང་བའི་སློབ་མ་འབུམ་ཕྲག་ལྷག་ཙམ་འདུས། ཐག་རིང་ཐུང་མེད་པར་གོ་བའི་ཚངས་པའི་དབྱངས་མངའ། སློབ་མ་སྡེ་སྣོད་འཛིན་པ་མཐའ་ཡས་པ་བྱུང་། སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་པའི་ནུས་པ་ལྡན་ཡང་བོད་ཀྱི་བསྟན་འགྲོ་ལ་དགོངས་ཏེ་གངས་ཅན་གྱི་ལྗོངས་འདིར་ཕེབས། རྭ་ལོ་ཙཱས་ཀྱང་རྔོག་ལོ་ཆེན་པོའི་དུས་སུ་གསང་ཕུའི་དགེ་འདུན་རྣམས་ལ་བསྙེན་བཀུར་ཡང་ཡང་ཞུས་པ་སོགས་གནང་། དེ་ལྟ་བུའི་གསང་ཕུའི་གདན་ས་དེ་ནི་ལུང་བསྟན་ཁྱད་པར་འཕགས་པ་སྟེ་དཔལ་མཉམ་མེད་ཇོ་བོ་ཆེན་པོས་དངོས་སུ་ལུང་བསྟན། ས་དཔྱད་ཁྱད་པར་འཕགས་པ་སྟེ་སྟོན་པ་ཐུབ་པའི་དབང་པོ་དབང་པོར་བཞུགས་པ་ལ་བྱམས་འཇམ་དབྱངས་གཉིས་ཀྱིས་ཆོས་ལ་བགྲོ་གླེང་མཛད་བཞེན་པ། འཆད་ཉན་ཁྱད་པར་འཕགས་པ་སྟེ་རྔོག་ལོ་ཁུ་དབོན་ཡབ་སྲས་རྣམས་ཀྱིས་སྡེ་སྣོད་གསུམ་གྱི་འཆད་ཉན་དང་དཀའ་ཆེན་གྱི་རྩོད་གྲྭ་ཐོག་མར་དར་བར་མཛད་པ་བཅས་སོ།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005