གནས་ཡུལ། མདུན་ངོས། དགོན་པ།
 
 
༄༅།། བོ་དོང་ཨེ་དགོན།
སྤེལ་དུས།2017-08-08   ཡོང་ཁུངས་།ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། སྣང་མཛོད་ཀྱིས་བསྒྲིགས།
          དགོན་འདི་གཞིས་རྩེ་ས་ཁུལ་ལྷ་རྩེ་རྫོང་ཁོངས་སུ་གནས་ཡོད།  དེ་ཡང་ཕུན་ཚོགས་གླིང་ནས་ཆུ་ཕར་མ་ཐོན་པར་སྤྱི་ལེ ༢༦ ཙམ་འཁོར་ལམ་བརྒྱུད་སོང་ན་བོ་དོང་གྲོང་གི་དབུས་ནས་མཇལ་བ་ཡིན།  བོ་དོང་ཞེས་པ་ནི་ཡུལ་དེའི་རི་དཔྱད་བོང་བུའི་གདོང་འདྲ་བས་བོ་དོང་ཞེས་དང་།  ཡང་གནས་རི་ཇོ་མོ་ན་རྒྱལ་གྱི་གདོང་དུ་ཆགས་པ་དང་ས་གྲུ་གསུམ་གཤིན་རྗེའི་དོང་གི་སྟེང་དུ་འཁེལ་བས་བོ་དོང་ཞེས་པ་དེ་ལྟར་བྱུང་ཞེས་ཟེར།  དགོན་དེ་ནི་དགེ་བའི་བཤེས་གཉེན་མུ་ཊ་པ་ཆེན་པོས་ཕྱག་བཏབ་གནང་མཛད།  དེ་རྗེས་གཉན་ལོ་ཙྰ་བས་བོད་ལ་པཎྡི་ཏ་ཞིག་གདན་དགོས་རྒྱལ་པོར་ཞུས་པར་རྒྱལ་པོས་ཀྱང་ཞལ་གྱིས་བཞེས།  དེ་ནས་ལོ་ཙྰ་བས་པཎྡི་ཏ་གསུམ་སྟོང་ཙམ་གྱི་ནང་ནས་འབུམ་ཕྲག་གསུམ་པ་ཞེས་པ་གདན་དྲངས་ཏེ།  གནས་དེར་ཕེབས་སྐབས་ཕ་ཀིའི་དགོན་ཆུང་དེ་སུས་བཏབ་བམ་ཞེས་གསུངས་པར་བཤེས་གཉེན་མུ་ཊ་པས།  བདག་གིས་བཏབ་པ་ལགས་བླ་མ་མཉེས་ན་ཕུལ་བས་ཆོག་ཅེས་ཞུས་པས།  པཎྡི་ཏས་རུང་ཞེས་གསུངས་ཏེ་ཆོས་གྲྭ་བཏབ་ཏེ་མཛད་འཕྲིན་རྒྱས།  དེ་ནས་རིམ་བཞིན་ལོ་ཆེན་བྱང་ཆུབ་རྩེ་མོ་དང་ལོ་ཆེན་གྲགས་པ་རྒྱལ་མཚན་སོགས་རིམ་པར་བྱོན།  དེ་ནས་སྤྱི་ལོ ༡༢༧༨ ཙམ་ལ་བོ་དོང་ཐམས་ཅད་མཁྱེན་པ་ཕྱོགས་ལས་རྣམ་རྒྱལ་གྱི་གདན་ས་མཛད་ནས།  བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་ཏེ་བོད་ཀྱི་ས་ཁྱོན་ཆེན་པོར་གྲགས།  དེ་ནས་བོ་དོང་གི་མཁན་རྒྱུད་རིམ་པར་བྱོན་པ་རྡོ་རྗེ་ཕག་མོ་སྐུ་ཕྲེང་དང་པོ་རྗེ་བཙུན་ཆོས་ཀྱི་སྒྲོལ་མ་ནས་ད་ལྟ་འཚོ་བཞུགས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་བར་སྐུ་ཕྲེང་ ༡༢ བྱུང་།  སྔོན་འདུ་ཁང་ཀ་བ ༣༦ ནང་གསེར་ཟངས་ལས་གྲུབ་པའི་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་གདུང་རྟེན་ནང་བོ་དོང་གི་སྐུ་བརྙན་མཁྱིད་གམ་ཙམ་ཞིག་ཡོད་པ་དེ་ནི་རིང་བསྲེལ་གྱི་གོང་བུ་ཡིན་ཞེས་ཞུ་རིང་བསྲེལ་རྟག་ཏུ་འཕེལ་པ།  ཡང་སྟེང་དགའ་ལྡན་ལྷ་ཁང་ནང་སྐུ་རྒྱུ་ལི་ལས་གྲུབ་པའི་རྒྱལ་བ་བྱམས་པའི་སྐུ་བརྙན་རབ་གནས་སྐབས་བྱམས་པ་མཁྱིད་གང་ཙམ་ཐུགས་ཀར་ཐིམས་པ་ཀུན་གྱིས་མཇལ་བ།  སྐུ་རྒྱུ་དེ་འདྲའི་སྤྱན་རས་གཟིགས་བྱིས་པ་ལོ་བརྒྱད་ཙམ།  བོ་དོང་རིན་པོ་ཆེའི་འདྲ་སྐུ་ང་འདྲ་མ།  སྒྲོལ་མ་དར་ལེན་མ་གསུང་བྱོན།  བྱམས་པ་མི་ཚད་མ།  གསེར་ཟངས་ཀྱི་སྨན་བླ་བདེ་གཤེགས་བརྒྱད།  འདུ་ཁང་ནང་ཕྱོགས་ལས་རྣམ་རྒྱལ་གྱི་སྐུ་བརྙན་མི་ཚད་མ།  གཡས་གཡོན་དུ་བཀའ་འགྱུར་པར་མ།  གཙང་ཁང་སྦུག་མར་ཐུབ་པ་གཟི་བརྗིད་འོད་འཕྲོ་མ་ལ་སོགས་དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན་ཁྲི་རྒྱབ་དྲུག་འགྱོགས་ཅན་སྤུས་ལེགས།  ལྡེབས་རིས་སུ་རྒྱུད་སྡེ་ཁག་གི་དཀྱིལ་འཁོར་ཆ་ཚང་བཅས་དང་།  སྔོན་དགེ་འདུན་བརྒྱ་ལྷག་གིས་བོ་དོང་ལུགས་ཀྱི་བཤད་སྒྲུབ་གཉིས་ལྡན་ཕྱག་ལེན་གནང་བ་ཡིན།
          ད་ལྟ་གསར་བཞེངས་གནང་བའི་འདུ་ཁང་ནང་རྟེན་གཙོ་ཕྱོགས་ལས་རྣམ་རྒྱལས་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་དང་།  དེང་གི་འཕྲུལ་པར་ལས་བཏབ་པའི་བོ་དོང་གི་གསུང་རྩོམ་པོད ༡༣༦ བཅས་བཞུགས་སུ་གསོལ་ཡོད།།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005