གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།། དཔེ་ཀློག་ལ་ཇི་སྲིད་བར་དུ་སློབ་མཐར་ཕྱིན་རྒྱུ་མེད།
སྤེལ་དུས།2017-09-01   ཡོང་ཁུངས་།ཁམས་པའི་དྲ་བ།   རྩོམ་པ་པོ། ཀོ་ཅན་ཞུང་།
         དོན་དངོས་སུ་འཚོ་བའི་ཁྲོད་དུ་མི་ཡོད་ཚད་དཔེ་ཆ་ལ་དགའ་ངེས་ཅན་མིན།  ངས་དཔེ་ཀློག་ལ་སློབ་མཐར་ཕྱིན་རྒྱུ་མེད་པས། ད་དུང་མུ་མཐུད་དུ་བལྟ་དགོས་ཞེས་བཤད་ན།  ཁྱོད་ཚོ་ཁོང་ཁྲོ་བསླང་སྲིད་དམ། ངལ་བ་དང་དུ་བླངས་ནས་སློབ་མཐར་ཕྱིན་རྗེས། ཁྱེད་ཀྱིས་ད་དུང་མུ་མཐུད་ནས་དཔེ་ཆ་ལ་ལྟོས་ཟེར་བ་ཡིན་ནམ། ང་ཚོས་དཔེ་ཀློག་གླེང་བ་ལ། དོན་དམ་དུ་མི་ཐམས་ཅད་ཀྱི་དམིགས་ཡུལ་གཙོ་བོ་ནི་དཔེ་ཀློག་བརྒྱུད་ནས་ཤེས་བྱ་འཐོབ་དགོས་པ་རེད། ང་ཚོས་ཤོག་དེབ་ཀྱི་དཔེ་དེབ་ཀློག་དགོས་པའི་ཆ་མ་མཆིས་ཏེ། དྲ་ལམ་དང་ལག་འཕྲིན་ལས་ཀྱང་ཀློག་ཆོག་པ་རེད། འབྱུང་འགྱུར་ལ་གཅིག་བྱས་ན་མི་ཡོད་ཚད་ཀྱིས་སྡུད་འཕྲུལ་ཞིག་ལ་བརྟེན་ནས་འཛམ་གླིང་སྟེང་གི་རྒྱུ་འཕྲིན་གཅིག་ཀྱང་མ་ལུས་པ་རྙེད་ཆོག་པ་རེད།  ཡིན་ནའང་ངས་འདི་ཡང་དཔེ་ཆ་ཀློག་ཐབས་ཤིག་རེད་སྙམ།  དཔེར་ན།  ང་ཚོས་དངོས་བརྟག་བྱས་ནས་བསྡུར་ཚད་རབ་ཏུ་ལེགས་པོ་ཞིག་གམ། དངོས་པོ་ཤིན་ཏུ་ལེགས་པོ་ཞིག བཟོ་རིམ་ཞིག་རྙེད་པ་ལ། གལ་སྲིད་ཁྱོད་ཀྱིས་དཔེ་ཀློག་དང་ཟུང་འབྲེལ་བྱས་ན། ལམ་ཀྱོག་མང་པོ་བརྒྱུད་མི་དགོས་ཤིང་། རང་ཉིད་ནས་འགོ་རྩོམ་མི་དགོས་པར། སྔོན་རབས་པའི་རྨང་གཞིའི་ཐོག་ནས་མདུན་སྐྱོད་བྱ་ཆོག གཅིག་བྱས་ན་སློབ་མ་ལ་ལས་ང་ནི་སློབ་མཐར་ཕྱིན་བ་ནས་བཟུང་སྟེ་ཞིབ་འཇུག་གང་ཡང་མི་བྱེད་ལ། ཤེས་ཡོན་ལ་ཡང་རེ་འདོད་མི་བྱ་ཞེས་བཤད་སྲིད་དེ། དེ་འདྲ་ཡིན་ནའང་ངས་བསམས་ན་ཁྱོད་དཔེ་ཀློག་དང་བྲལ་ཐབས་མེད་སྙམ། ངོ་མ་བཤད་ན། གལ་སྲིད་ཁྱོད་ལ་འདི་ལྟ་བུའི་སྤྲོ་སྣང་ཡོད་ན། དཔེ་ཀློག་ནི་རྩེད་མོ་ཤིན་ཏུ་སྤྲོ་པོ་ཞིག་རེད། སློབ་གྲྭའི་ནང་དུ་ཡོད་སྐབས་ཁྱོད་ཀྱིས་དཔེ་ཆ་ཀློག་པ་ལ་དམིགས་ཡུལ་ངེས་ཅན་ཞིག་ཡོད་དགོས་ངེས་ཡིན་ཡང་། སློབ་མཐར་ཕྱིན་རྗེས་དཔེ་ཀློག་ནི་ཁྱོད་ཀྱི་མི་ཚེའི་དགའ་ཚོར་དུ་འགྱུར་ཆོག་ལ། ཁྱོད་ཀྱིས་ཁེ་ཕན་མཐའ་དག་སེལ་ནས་འདི་དམིགས་ཡུལ་བྱས་ནས་འགོ་རྩོམ་ཆོག་པ་རེད། སློབ་མཐར་ཕྱིན་བ་ནི་ང་ཚོའི་དཔེ་ཀློག་གི་དམིགས་དོན་མིན་གྱི། དུས་རིམ་གསར་པ་ཞིག་གི་འགོ་རྩོམ་པ་ཡིན། གནའ་མིས་དཔེ་ཆ་ཁྲི་ཕྲག་ཀློག་ཐུབ་པ་དང་། ཇི་ཙམ་མང་ན་དེ་ཙམ་ཡག་ཅེས་བཤད་པ་དེ། དེ་རིང་ལ་ཐུག་སྐབས་ད་དུང་ཡང་དག་པ་རེད་དམ། ངས་བལྟས་ན་འདེམས་ཤེས་དགོས་པ་རེད། དེང་སང་ལ་ཤེས་བྱ་རབ་ཏུ་མང་པོ་ཡོད་ཅིང་། ལོ་རེ་ལ་དཔེ་སྐྲུན་བྱས་པའི་དཔེ་ཆ་གསར་པ་དག་ལ། ལྟ་ཀློག་བྱེད་རྒྱུ་ཕར་ཞོག ང་ཚོའི་དཔེ་མཛོད་ཁང་གིས་དཀར་ཆག་སྒྲིག་རྒྱུ་ལའང་རྟག་པར་དེའི་རྗེས་ཟིན་གྱི་མེད། མི་ཞིག་གི་དུས་ཚོད་དང་ལུས་སྟོབས་སེམས་ཤུགས། ད་དུང་དངོས་ཡོད་ཀྱི་དགོས་མཁོ་ལ་ཚད་ཡོད་པས། ཇི་ཙམ་མང་ན་དེ་ཙམ་ལེགས་པ་ཁོ་ནར་བརྩོན་ལེན་བྱས་ན། མཐར་མཇུག་ཏུ་ངལ་བ་འབྲས་མེད་དུ་འགྱུར་ཤས་ཆེ། དཔེ་ཆ་གང་འདྲ་ཞིག་ལ་བལྟ་དགོས་པ་ནི་རང་ཉིད་ཀྱི་དམིགས་ཡུལ་ལ་བསྟུན་དགོས། གནའ་སྔ་མོ་འདྲ་ཡིན་ན་ཤེས་བྱའི་གྲུབ་ཆ་ཅུང་ཟད་སླ་མོ་སྟེ། དཔེ་གཅིག་གིས་དོན་བརྒྱ་མཚོན་པར་མཐོང་ཆེན་བྱས། དེང་སང་གཞུང་ཚད་ཀྱི་རིགས་དང་ཤེས་བྱའི་རིགས་དབྱེ་བ་ཞིབ་པས། ཁྱོད་ཀྱིས་ཅིས་ཀྱང་རང་ཉིད་ཀྱི་ཞེ་འདོད་ལ་ཚོད་འཛིན་བྱས་ཏེ། ལུས་སྟོབས་སེམས་ཤུགས་ཁ་ཕྱོགས་ག་གེ་མོ་གཅིག་ཏུ་བསྡུ་རུབ་བྱེད་དགོས། རང་ཉིད་དང་འཚམ་པའི་དཔེ་ཆ་རྙེད་ན་གོ་བ་ཡང་ལེན་མགྱོགས་ཤིང་། ད་དུང་ཁྱོད་ཀྱིས་བདེ་སྐྱིད་དེ་བས་མང་པོ་རྙེད། ང་ཚོས་རྟག་པར་དཔེ་མཛོད་ཁང་དང་འདུག་ཁང་གི་ཆ་རྐྱེན་གྱིས་མི་འདང་པར་འཁང་ར་བྱེད་པ་རེད། དོན་ངོ་མར་ཆ་རྐྱེན་ཞན་པའི་དུས་སུ་དཔེ་ཆ་ཀློག་པ་ལ་ཡང་། སྐབས་སྐབས་སུ་ཕྱིར་དྲན་མཛེས་སྡུག་ལྡན་པ་འཇོག་ཆོག་ལ། བསམ་ཡུལ་ལས་འདས་པའི་ནུས་འབྲས་ཀྱང་ཐོན་སྲིད། ཁོ་བོས་མཐོ་འབྲིང་འདོན་པའི་སྐབས་སུ། སྡེར་ཐང་ཁྲོམ་འདོན་དུ་རྒྱལ་རབས་དྲུག་གི་རྩོམ་ཡིག་གཅེས་བསྡུས་ཞེས་པའི་དེབ་གཅིག་མཐོང་། ཧ་ལམ་སྒོར་མོ་གཉིས་དགོས་ཤིང་། གཟའ་འཁོར་གཅིག་གི་ཟས་གྲོན་རེད། ངས་དེ་ཉོས་པ་ཡིན། དཔེ་ཆ་དེ་ལ་དེང་སང་རྡེག་འཚོང་གི་རིན་གོང་ཁྲི་ཁ་ཤས་ཡིན་པར་བརྗོད་ཀྱིན་འདུག འོན་ཀྱང་། དེ་ལས་ཀྱང་གཙོ་ཆེ་བ་ནི་དཔེ་ཆ་དེ་ངས་ནམ་ཡང་ཁྱེར་ནས་ཡོད། ཁོས་ང་ལ་བསྐྲུན་པའི་དགའ་ཚོར་ནི་སྒོར་མོ་གཉིས་སམ། ཡང་ན་དེང་སང་ཁྲི་ག་ཚོད་ཡོད་པའི་རིན་དོད་ཀྱིས་ཚབ་བྱེད་ཡེ་ནས་མི་ཐུབ། དེ་ལྟར་ཡིན་པའི་སྟབས་ཀྱིས་ངའི་གཏམ་བཤད་མཇུག་སྒྲིལ་ལ་ཉེ་སྐབས། ངས་ཁྱོད་རྣམ་པ་ལ་དཔེ་ཀློག་ལ་སློབ་མཐར་ཕྱིན་རྒྱུ་མེད། ཕྱིན་ཆད་ཀྱི་མི་ཚེའི་ཁྲོད་དུ་དཔེ་ཀློག་ལས་སྤྲོ་སྐྱིད་དེ་ལས་ཆེན་པོ་དང་། གྲུབ་འབྲས་དེ་བས་མཐོན་པོ་འཐོབ་པའི་སྨོན་འདུན་ཞུ།།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005